གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་རྒྱལ་བཙུན་རྣམ་༢ དབང་འདུས་ཚེས་བཅུ་ནང་ བྱོན་གནང་ཡོདཔ།

༢༦/༩/༢༠༡༢    ༉ ཁ་ཙ་ དབང་འདུས་ཕོ་བྲང་གི་ ལོ་བསྟར་ཚེས་བཅུ་ཉིན་མཇུག་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྗེ་བཙུན་རྣམ་༢ ཆིབས་བསྐྱོད་གནང་ཐོག་ལས་ ཚོགས་གླིང་དང་ གིང་འཆམ་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ གཟིགས་གནང་ཡི།
ཁ་ཙ་ དབང་འདུས་ཕོ་བྲང་གི་ ལོ་བསྟར་ཚེས་བཅུ་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་དང་བཅསཔ་སྦེ་ གྲོལ་བའི་སྐབས་ལུ་ ཤར་དར་བརྒྱད་ཀྱི་ ཨམ་སྲུ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ ཚོགས་ཆང་དྲང་པའི་བསྒང་།


མི་དབང་མཆོག་དང་ རྒྱལ་བཙུན་རྣམ་གཉིས་ དབང་འདུས་ཚེས་བཅུ་ནང་ བྱོན་གནང་པའི་ བཀྲིན་དགའ་ཚོར་ཞུ་ནིའི་དོན་ལུ་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་གིས་ ཚོགས་ཆང་དྲངས་བའི་སྐབས་ མི་དབང་མངའ་ཞབས་མཆོག་གིས་ འདི་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་ ཐུགས་མཉེས་ཡོད་ལུགས་ གསུངས་གནང་ཡི།
མི་དབང་མཆོག་གིས་ ཚེས་བཅུ་མཇལ་བར་ འཛོམས་མི་ཚུ་དང་ མཇལ་ཕྲད་གནང་པའི་ཤུལ་ལུ་ དབང་འདུས་རྫོང་གི་ འདུ་ཁང་གསར་བཞེངས་ནང་ དམིགས་བསལ་གྱི་ ཆོས་ཕྱོགས་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་བྱོན་ཏེ་ ཐུགས་སྨོན་གནང་ཡོདཔ་ད་ དེ་གི་ཤུལ་ལས་ གྲྭ་ཚང་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡི།
དབང་འདུས་ཕོ་བྲང་གི་ ལོ་བསྟར་ཚེས་བཅུ་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྫོང་མེ་མཆོད་བཞེས་མི་ལུ་བརྟེན་ བསྟན་སྐྱོང་གླིང་ དམག་སྦྱོང་ལྟེ་བའི་ཐང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ རྫོང་མེ་མཆོད་བཞེས་པའི་སྐབས་ ཚེས་བཅུའི་ཉིན་མཇུག་ལུ་ མི་མང་ལུ་ མཇལ་ཁ་གནང་སྲོལ་ཡོད་མི་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་དེ་ཡང་ མེ་མཆོད་བཞེས་ནི་དེ་གིས་ ཁ་ཙ་ མཐོང་གྲོལ་གྱི་ མཇལ་ཁ་གནང་མ་ཚུགས།
དབང་འདུས་རབ་སྡེའི་ དགེ་འདུན་སློབ་གྲྭའི་དབུ་འཛིན་ ལྷ་ཀྲུ་གིས་ སླབ་མིའི་ནང་ མི་ལོ་༣༠ དེ་ཅིག་གི་ཧེ་མར་བཞེངས་མི་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་དེ་ མེ་གིས་ རྩ་བ་ལས་ འཚིགས་བཏང་ནུག་ཟེར་ཨིནམ་ད་ རིང་ཚད་ཕིཊ་༤༥ དང་ རྒྱ་ཚད་ཕིཊ་༣༨ འབད་མི་ མཐོང་གྲོལ་དེ་ སྒེར་མི་དད་ཅན་ཅིག་གིས་ ཞལ་འདེབས་སྦེ་ ཕུལ་ཡོདཔ་ཨིན་པས།
དེ་མ་ཚད་ མེ་རྐྱེན་ནང་ འཆམ་ཆས་དང་ ཞལ་འབགཔ་ཚུ་ག་ར་ འཚིགས་སོཔ་ལས་ དུས་ཅི་ ཚེས་བཅུ་བརྩི་སྲུང་ཞུ་ནིའི་དོན་ལུ་ འཆམ་ཆས་དང་འབགཔ་ཚུ་ རྫོང་ཁག་བདག་སྐྱོང་དང་ རབ་སྡེ་གིས་ མཁོ་སྒྲུབ་འབད་ཡོདཔ་ད་ འབོད་འཆམ་གྱི་འབགཔ་དང་ འཆམ་ཆས་ཀྱི་རིགས་ཚུ་ རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༢.༦ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ མཁོ་སྒྲུབ་འབད་ཡོད་མི་ལས་  སྤུ་ན་གཙང་ཆུ་གློག་མེ་ལས་འཛིན་གྱིས་ དངུལ་ཀྲམ་འབུམ་༤ དང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དངུལ་ཀྲམ་འབུམ་༨ དེ་ཅིག་ གྲོགས་རམ་འབད་ཡི་ཟེར་ རྫོང་རབ་པདྨ་གིས་ བཤདཔ་ཨིན་པས།
དགེ་འདུན་གྱི་ འཆམ་གོ་ཚུ་ རབ་སྡེ་གིས་ དངུལ་ཀྲམ་ས་ཡ་༢.༥ ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ད་ དེ་ནང་ དད་ཅན་ལ་ལུ་གིས་ ཞལ་འདེབས་ཕུལ་མི་ ཐོན་ཡི་ཟེར་ དབུ་འཛིན་ལྷ་ཀྲུ་གིས་ སླབ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment