གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་གི་ མེ་རྐྱེན་ནང་ གསེར་སྒྲོན་མའི་སྐུ་༢༠ དེ་ཅིག་འཚིགས་ཡོདཔ།

༢༦/༩/༢༠༡༢   ༉ དུས་རབས་༡༧ པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཞེངས་གནང་མི་ དབང་འདུས་ཕོ་བྲང་རྫོང་དེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མེ་མཆོད་བཞེས་པའི་སྐབས་ གསེར་སྒྲོན་མའི་སྐུ་༢༠ དེ་ཅིག་ མེ་གིས་འཚིགས་ཡོདཔ་ཨིན་པས།
མེ་རྐྱེན་ནང་ལས་ ཉམས་སྐྱོན་མེད་པར་ལོག་ཐོབ་མི་ རྒྱལ་བ་བྱམས་མགོན་གྱི་ སྐུ་འདྲ་གསུང་བྱོན་མ།


དེ་ཡང་ ནང་སྲིད་ལྷན་ཁག་གི་ ཅ་རྙིང་འཛིན་སྐྱོང་ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལ་བ་ཅིན་ དབང་འདུས་ཕོ་བྲང་རྫོང་ནང་ གསེར་སྒྲོན་མའི་སྐུ་༢༢༦ དེ་ཅིག་ཡོདཔ་ཨིན་པས།
དབང་འདུས་རབ་སྡེའི་རྟེན་སྲུངཔ་ དགེ་སློང་ཉི་མ་གིས་ སླབ་མིའི་ནང་ སྐུ་འདྲ་༢༠༣ དེ་ རྫོང་མེ་མཆོད་བཞེས་པའི་ ཉིནམ་དེ་ནང་སྲུང་སྐྱོབ་འབད་ཚུགས་ཡོདཔ་བཞིན་དུ་ སྐུ་རྟེན་༣ ཤུལ་ལས་ ནང་རྟེན་འཚོལ་བའི་སྐབས་ ཐོབ་ཅི་ཟེར་ཨིནམ་ད་ སྐུ་རྟེན་དེ་ཚུ་ ས་མེད་རྡོ་མེད་ཀྱི་སྒྲོམ་ནང་ བཙུགས་བཞག་ནི་དེ་གིས་ རྫོང་མེ་མཆོད་བཞེས་བའི་སྐབས་ ཉེན་སྐྱོབ་འབད་མི་ཚུ་གིས་ རྫོང་ཐོག་ཁ་ལས་མར་ བཀོག་བཏང་རུང་ ཉམས་སྐྱོན་ག་ནི་ཡང་ མ་བྱུང་པས་ཟེར་ཨིན་པས།
སྐུའི་ཚད་གཞི་ཚུ་ཡང་ ཨིན་ཅི་༥ དང་༦ དེ་ཅིག་ལས་ རིང་ཚད་ཕིཊ་༥ དེ་ཅིག་གི་བར་ན་ཡོདཔ་ད་ གསེར་སྒྲོན་མའི་ སྐུ་ཚུ་གི་གྲས་ལས་ བྱིན་ཅན་ཅིག་ མཐོ་གང་འབད་མི་ རྒྱལ་བ་བྱམས་པ་མགོན་པོའི་སྐུ་འདྲ་ གསུང་བྱོན་མ་དེ་ཨིན་པས།
དེ་ལས་ ཕིཊ་༥ དེ་ཅིག་འབད་མི་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་ སྐུ་འདྲ་དེ་ཡང་ བྱིན་ཅན་ཅིག་ཨིནམ་ད་ སྐུ་དེ་ འཕྲལ་ཁམས་ཅིག་ཁར་ གསར་བསྒྲུབས་འབད་མི་ འདུ་ཁང་ནང་ བཞུགས་སུ་གསོལ་ཡོདཔ་ཨིན་པས།
ད་རུང་ ནང་རྟེན་ཚུ་གི་རིགས་ལས་ ཁག་ཆེ་ཤོས་ཅིག་ ཙན་དན་ཤིང་ལས་བསྒྲུབས་པའི་ ཞབས་དྲུང་གི་ སྐུ་འདྲ་གསེར་སྒྲོན་མ་ཨིན་ཅི་༦ དེ་ཅིག་ འབད་མི་དེ་ཨིནམ་ད་ སྐུ་འདྲ་དེ་ ཞབས་དྲུང་ཁོ་རའི་ ཕྱག་བཟོ་ཨིན་ཟེར་ དགེ་སློང་ཉི་མ་གིས་ བཤདཔ་ཨིན་པས།
སྐུ་རྟེན་དེ་ཚུ་ རྒྱུ་ཟངས་དང་ ལི་ དེ་ལས་ སྨན་སྐུ་ཚུ་ལུ་ གསེར་སྒྲོན་ཡོདཔ་ད་ སྐུ་མང་ཤོས་ཅིག་ར་ དབུ་རྩེ་འོག་གི་ བླ་མའི་ལྷ་ཁང་ལས་ ཐོབ་ཡོདཔ་མ་ཚད་ ལ་ལུ་ཅིག་ ཚེ་རིང་མའི་ལྷ་ཁང་དང་ མགོན་ཁང་ནང་ལས་ ཐོབ་ཡོདཔ་ཨིན་པས།
དེ་ལས་ སྨན་སྐུ་ཡོངས་བསྡོམས་༢༡༡ ཡོད་མི་ལས་༤༣ ལོག་ཐོབ་ཡོདཔ་ད་ སྐུ་གཞན་༡༦༨ དེ་ མེ་རྐྱེན་ནང་ལས་ ཉེན་སྐྱོབ་འབད་མ་ཚུགས་མི་དེ་ཡང་ སྨན་སྐུ་མང་ཤོས་ཅིག་ མི་ཚད་དང་ འདྲན་འདྲ་ཡོད་ནི་དེ་གིས་ཨིན་ཟེར་ དགེ་སློང་ཉི་མ་གིས་ སླབ་ཨིན་པས།
གསུང་རྟེན་ཚུ་གི་གྲས་ལས་ བརྒྱད་སྟོང་པ་གསེར་བྲིས་མ་དང་ ལྷ་མོ་དང་ མགོན་པོའི་དུས་ཆོག་དཔེ་ཆ་ མ་ཐོབ་པའི་ཁར་ བཀའ་འགྱུར་དང་ བསྟན་འགྱུར་ཡང་ མེ་མཆོད་བཞེས་ཡོདཔ་ཨིན་པས།
དེ་ལས་ ཐུགས་རྟེན་གྱི་རིགས་ལས་ བརྒྱ་ཆ་༧༠ དང་༨༠ དེ་ཅིག་ མེ་གིས་འཚིགས་ཡོད་མིའི་གྲས་ལས་ རྒྱུ་དངུལ་ལས་བསྒྲུབས་པའི་ རྣམ་རྒྱལ་མཆོད་རྟེན་དང་ ཙན་དན་ཤིང་གིས་བཞེངས་མི་ མཆོད་རྟེན་ཨིནམ་ད་ སྐུ་ཐང་ཡོངས་བསྡོམས་༡༨༢ ཡོད་མི་ཆ་མཉམ་ར་ འཚིགས་ཡོདཔ་མ་ཚད་ མི་ལོ་༣༠ དེ་ཅིག་ལང་མི་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་ཡང་ མེ་རྐྱེན་ནང་ ཤོར་ཡོད་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment