![]() |
དད་ཅན་མི་མང་ཚུ་གིས་ ལྤགས་པ་དབང་ཞུ་བའི་བསྒང་། |
གཏམ་ཞིང་ལྷ་ཁང་གི་ མཆོད་དཔོན་བགྲེསཔ་ ཀུན་དགའ་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཁ་ཙ་གནང་མིའི་དབང་དེ་ ཡོངས་གྲགས་ལུ་ ལྤགས་པ་དབང་ཟེར་ དར་ཁྱབ་སོང་ཡོད་རུང་ ངོ་མ་ལུ་ ཙིའུ་དམར་རམ་ ཙེ་མ་ར་ཟེར་ སླབ་དོ་ཡོད་པའི་ཁར་ དེ་གིས་ འབྱུང་ཁུངས་དེ་ཡང་ བོད་ལས་མར་བྱུང་བྱུངམ་ཨིན་པས།
སྤྱིར་བཏང་ལུ་ དབང་འདི་རྩེདམོ་བཟུམ་སྦེ་ མཐོངམ་ཨིན་རུང་ ནང་ན་གཟུངས་སྔགས་དང་ བཀའ་བསྒོ་ཚུ་ཡོདཔ་ལས་ དབང་ཞུ་བ་ཅིན་ བཀའ་གོ་ཐོབ་པའི་ཁྱད་ཆོད་ཟེར་ཨིནམ་ད་ ཚེས་བཅུ་དེ་གྲོལ་བའི་ཤུལ་ལས་ མགོན་ཁང་ནང་བཞགཔ་ཨིན་པས།
ཉིན་གྲངས་གསུམ་གྱི་རིང་ལུ་གནང་མི་ ཚེས་བཅུའི་སྐབས་ པད་གླིང་བླམ་ ནོར་བུ་རྒྱ་མཚོ་གི་ཆོ་ག་ ཉིན་བསྟར་བཞིན་དུ་གནང་ཡོདཔ་ད་ དབང་དེ་གིས་ ས་ཀླུ་ རྐང་ཚིགས་ ལག་ཚིགས་ ན་མི་ལས་དྲག་དོ་ཡོདཔ་ཨིན་པས།
ཙེའུ་དམར་དེ་ ཧེ་མ་ བོད་བསམ་ཡས་ལུ་ཡོདཔ་ཨིན་རུང་ སྤྱི་ལོ་༡༩༦༠ དེ་ཅིག་ཁར་ པད་གླིང་ཐུགས་སྲས་བཅུ་པ་གིས་ འགོ་བཙུགས་པའི་ ལོ་རྒྱུས་ཡོདཔ་ཨིན་རུང་ གནམ་ལོ་གཏན་འཁེལ་ཅིག་མེདཔ་ཨིན་པས།
དབང་དེ་ བྱིན་ཅན་ཨིན་པའི་ ཆ་བཞག་སྦོམ་ཡོད་ནི་དེ་གིས་ མི་ཚུ་གིས་ ཙེའུ་དམར་དེ་བཟེད་ནི་ལུ་ རྩ་འགེངས་དོ་ཡོདཔ་ད་ འབད་ཚུགས་མི་ཚུ་གིས་ ཐེངས་ཕོག་གསུམ་དེ་རེ་ རྩ་འགེངས་ཏེ་ར་ བཟེད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ཟླ་བ་གིས་འབད་བ་ཅིན་ དབང་དེ་གིས་ གཟུགས་ན་མི་ཚུ་ཡང་ དྲག་དོ་ཡོདཔ་ལས་ ཁོ་གིས་ རྩ་འགེངས་ཏེ་ར་ ཐེངས་ཕོག་གཉིས་བཟེད་ཡི་ཟེར་ཨིན་པས།
དབང་ཞུ་མི་ཚུ་གིས་ དད་པ་དང་འཁྲིལ་ བླུགས་མི་གཉིས་ཀྱིས་ཡང་ ཤུགས་ག་དེ་བླུགས་ཚུགས་ཚུགསཔ་ཅིག་ བླུགས་དོ་ཡོད་རུང་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ནི་དེ་གིས་ འུ་སྡུག་དོ་ཡོདཔ་ཨིན་པས།
ཨ་རྒས་ཅིག་གིས་ ཁོ་ར་ཧེ་མ་ཡང་ ལོ་ངོ་དག་པ་ཅིག་ ཙེའུ་དམར་དེ་ལས་ དབང་ཞུ་ནི་དེ་གིས་ རྐང་ལག་ན་མི་ཚུ་ དྲག་དོ་བཟུམ་ཚོར་ཡོདཔ་ལས་ ད་རེས་ ག་དེམ་ཅིག་རྩ་འགེངས་བལྟ་རུང་ ཐེངས་ཅིག་ལས་བརྒལ་ བཟེད་མ་ཚུགས་ཟེར་ཨིན་པས།
ཚེས་བཅུ་དེ་ གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ མི་མང་ལུ་དབང་གནང་ཐོག་ལས་ གྲོལ་ཡོད་པའི་གནས་ཚུལ།
བུམ་ཐང་ལས་ བཀྲིས་བསྟན་འཛིན།
No comments:
Post a Comment