གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་གི་གནས་ཡིག་དང་ ཆོས་སྡེ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ།

༡༥/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་དཔེ་མཛོད་ཁང་གི་ ཞལ་འཛོམས་ཁང་ནང་སྦེ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ ལོ་བསྟར་ཞལ་འཛོམས་ཐེངས་༧ པ་ འཚོགས་ཡོདཔ་ད་ ཞལ་འཛོམས་སྐབས་ བུམ་ཐང་གི་གནས་ཡིག་དང་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ བཟོ་བཀོད་འབད་མི་ཚུ་ སྒོ་འབྱེད་འབད་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ བུམ་ཐང་གི་ གནས་ཡིག་དཔེ་དེབ་དང་ ཡོངས་འབྲེལ་འཆར་སྒོ་ སྒོ་འབྱེད་འབད་བའི་བསྒང་།


ལྷན་ཚོགས་ཀྱི་ ཁྲི་འཛིན་ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་དེ་ གཙོ་བོ་ར་ ཆོས་སྡེའི་ཚོགས་སྡེ་ ཁག་ལེ་ཤ་ཡོད་མི་ཚུ་གི་ དབུ་ཁྲིད་ཚུ་ བཞུགས་སའི་ས་གནས་ སོ་སོ་འབད་ནི་དེ་གིས་ ཚོགས་སྡེ་ཚུ་དང་འབྲེལ་བའི་ གནས་ཚུལ་དང་ ཁྱབ་བསྒྲགས་ཀྱི་ རིགས་འབད་དགོཔ་ཐོན་མི་ཚུ་ ཚོགས་སྡེ་ཚུ་ནང་ ལྷོད་མ་ཚུགས་པའི་དཀའ་ངལ་  སེལ་ཐབས་ལུ་ ཨིན་ཟེར་ཨིན་པས།
ཡོངས་འབྲེལ་འཆར་སྒོ་དེ་ རྫོང་ཁ་དང་ ཨིང་ལིཤ་༢ ཆ་རའི་ཐོག་ལས་ ལག་ལེན་འཐབ་ཚུགསཔ་སྦེ་ བཟོ་ཡོདཔ་ད་ དེ་ནང་ འབྲུག་ལུ་ཐོ་བཀོད་ཅན་གྱི་ ཆོས་སྡེའི་ཚོགས་སྡེ་ག་དེ་ཅིག་ཡོད་ག་ ཆ་མཉམ་གྱི་ ཡོངས་འབྲེལ་ཁ་བྱང་དང་ གཞན་ཡིག་གུ་གཏོང་ལེན་གྱི་ ཁ་བྱང་ཚུ་ཡང་ ཐོབ་ཚུགསཔ་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
དེ་འབད་ནི་དེ་གིས་ ཡོངས་འབྲེལ་འཆར་སྒོ་དེ་གི་ཐོག་ལས་ ཆོས་སྡེ་ལྷན་ཚོགས་དང་ དེ་ལས་ཐོ་བཀོད་ཅན་གྱི་ ཚོགས་སྡེ་ཁག་གི་ གནས་ཚུལ་དང་ བརྡ་དོན་ཁ་གསལ་ཚུ་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་ནི་ཨིན་པས།
ད་ཚུན་རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་ ཆོས་སྡེའི་ཚོགས་སྡེ་༨༠ ལྷགཔ་ཅིག་ ཡོད་པའི་ཁར་ ད་རུང་ ཆོས་སྡེ་གཞི་བཙུགས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་༢༠ ལྷགཔ་ཅིག་ ལྷོད་ཡོདཔ་ཨིན་པས།
ཁ་ཙ་ ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ འདས་པའི་ཞལ་འཛོམས་ནང་གྱི་ གྲོས་ཆོད་ཚུ་དང་འབྲེལ་བའི་ གྲུབ་འབྲས་སྙན་ཞུ་གི་  བསྐྱར་ཞིབ་ཚུ་ འབད་ཡོདཔ་མ་ཚད་ གཞན་ཡང་ ཆོས་འབྲེལ་གྱི་སྙན་ཞུ་ཚུ་གི་ཐོག་ལུ་ གྲོས་བསྡུར་འབད་དེ་ གྲུབ་འབྲས་གྲོས་ཆོད་ཚུ་བཏོན་ཡོདཔ་ཨིན་པས།
ཞལ་འཛོམས་དེ་དང་འབྲེལ་ ཅ་རྙིང་འཛིན་སྐྱོང་སྡེ་ཚན་གྱི་ བསྡུ་སྒྲིག་འབད་ཡོད་པའི་ བུམ་ཐང་གི་ གནས་ཡིག་ཞུན་ཕན་ལམ་སྟོན་ཟེར་མི་ རྫོང་ཁའི་དཔེ་དེབ་ཅིག་ཡང་ གསལ་སྟོན་འབད་ཡོདཔ་ད་ གནས་ཡིག་དེ་ནང་ བུམ་ཐང་སྡེ་བཞིའི་ གནས་རྩ་ཅན་༣༢ དེ་ཅིག་གི་ ཐོ་དང་གནས་བཤད་ཚུ་ གསལ་བཀོད་འབད་ནུག།
དེ་ཡང་ རྒྱལ་ཁབ་ཀྱི་གོང་འཕེལ་གནས་སྟངས་དང་བསྟུན་ གནས་རྩ་ཅན་ཚུ་ ད་ལྟོ་ལས་ར་ ཐོ་བཀོད་འབད་དེ་ ཡིག་ཆ་ངེས་བདེན་མ་བཟོ་བ་ཅིན་ མ་འོངས་པ་ལུ་ གནས་དེ་ཚུ་ ཉམས་ཉེན་ཡོད་ནི་དེ་གིས་ གནས་ཡིག་བསྡུ་སྒྲིག་འབད་ནི་ཚུ་ འགོ་བཙུགས་ཏེ་ ད་རེས་བུམ་ཐང་རྫོང་ཁག་རྩིསཝ་ད་ རྫོང་ཁག་༥ གི་གནས་ཡིག་ཚུ་ བསྡུ་སྒྲིག་འབད་ཚར་ཡི་ཟེར་ཨིན་པས།
གནས་ཡིག་དེ་ནང་ གནས་ཀྱི་པར་ཡང་ ཟུར་སྦྲགས་ཐོག་ ཁ་གསལ་བཀོད་དེ་ ལེགས་ཤོམ་ཡོད་རུང་ དཔེ་དེབ་དེ་ནང་ གནས་རྩ་ཅན་ཡོངས་རྫོགས་ ཚངམ་སྦེ་ ཚུད་མ་ཚུགས་པའི་ གནད་དོན་རེ་ཡོད་རུང་ ལུང་ཕྱོགས་ཚུ་གི་ གནས་གཙོ་ཅན་གྱི་རིགས་ཚུ་ག་ར་ གནས་ཡིག་ནང་ ཁ་གསལ་ཚུད་ནུག།
དེ་བཟུམ་སྦེ་ ད་རུང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ལཱ་དང་འགན་འཁྲི་ དེ་ལས་ དབང་ཚད་ལག་ལེན་གྱི་ གནས་སྟངས་ནང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ འབྱུང་ཐབས་ལུ་ ས་གནས་གཞུང་གི་ བཅའ་ཡིག་དང་སྒྲིགས་གཞི་༢༠༡༢ ཅན་མ་དེ་ཡང་ ཁ་ཙ་ གསལ་བཏོན་འབད་ཡོདཔ་ལས་ རྒེད་འོག་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

2 comments:

  1. ཡིག་གཟུགས་དུམ་གྲ་ཅིག་སྦོམ་བཟོ་ཐབས་ཅིག་ཡོད་པ་ཅིན་བཀའ་དྲིན་ཆེ་ནི་མས། འདི་མེན་པ་ཅིན་ཀུན་གསལ་ཡོངས་འབྲེལ་གྱི་ཐོག་ལས་བཀྲམ་སྤེལ་འབདཝ་ཨིན་ཟེར་བའི་མིང་གཅིག་མ་གཏོགས། དོན་དག་ག་ནི་ཡང་མེད་ནི་མས། ངེའི་བསམ་འཆར་འདི་ཀུན་གསལ་གྱི་བརྡ་དོན་འཔྲུལ་རིག་འགོ་དཔོན་གྱིས་ལྷག་མ་ཚུགས་རུང་གཞན་རྫོང་ཁའི་རྩོམ་སྒྲིག་པ་ཚུ་གིས་ཁོ་ལུ་སྙན་གསན་ཞུ་བའི་རེ་བ་ཡོད།

    ReplyDelete
  2. ཆོས་སྡེ་ལྷན་ཚོགས་འདི་གྲྭ་ཚང་ལྷན་ཚོགས་ཀྱི་མངའ་འོག་ལུ་ཨིནམ་ཨིན་ན་་་་གྲྭ་ཚང་ལྷན་ཚོགས་འདི་ཆོས་སྡེ་ལྷན་ཚོགས་ཀྱི་མངའ་འོག་ལུ་ཨིནམ་ཨིན་ན་ལ???

    ཆོས་སྡེ་ལྷན་ཚོགས་ཟེར་གཅིག་དང་གྲྭ་ཚང་ལྷན་ཚོགས་ཟེར་གཅིག་བཟོ་དགོ་པའི་དམིགས་ཡུལ་ག་ཅི་ཨིནམ་ཨིན་ན་ལ???

    ReplyDelete