གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲོས་བྱང་མགོ་ཐང་གི་ མི་སེར་ཚུ་ལུ་ ཁྱེགས་མཚོ་རྦེད་འོང་པའི་འཇིགས་སྣང་།

༡༧/༩/༢༠༡༢   ༉ སྐྱེས་ལོ་༦༠ ལང་མི་ བཟངམོ་དེ་ བྱི་ཅུང་སྒྲ་སྐད་གངས་རིའི་རྩ་བར་ སྲོས་བྱང་མགོ་ཐང་ལུ་ སྐྱེས་ཡོདཔ་ད་ མོ་ར་ ལོ་ན་ཆུང་ཀུ་སྦེ་ སྡོད་པའི་སྐབས་ལུ་ ཁྱེགས་མཚོ་ཚུ་ ཁཝ་ཆགས་པའི་ གངས་རི་ཚུ་གི་ བར་ནང་ལས་ཕར་ ཆགས་ཡོད་ནི་དེ་གིས་ གཡུ་གི་མཐའམ་བདའ་སྟེ་ རྡོ་ཕ་ལམ་ཚུ་ བཙུགས་བཞག་བཞགཔ་བཟུམ་སྦེ་ མཐོང་དོ་ཡོདཔ་ཨིན་པས།
ཁྱེགས་མཚོ་རྦད་འོང་ནིའི་ ཉེན་ཁ་ཡོད་པའི་ བྱང་མགོ་ཐང་གཡུས་ཚན།


ཨིན་རུང་ དེ་བཟུམ་མའི་ མཛེས་ཆ་དང་ལྡན་པའི་ མཐོང་སྣང་ཚུ་ འདས་པའི་ལོ་ངོ་དག་པ་ཅིག་ལས་ཚུར་ ཉེན་ཁ་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
བཟངམོ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཁྱེགས་ཚུ་བཞུ་འགྱོཝ་ལས་ ཁྱེགས་མཚོ་ཆུང་ཀུ་ཚུ་ ཧེང་སྐལ་ར་ ཆགས་ནི་དེ་གིས་ སྲོས་བྱང་མགོ་ཐང་དང་ དེ་གི་འོག་ལས་མར་ སྡོད་མི་ཚུ་ལུ་ ཉེན་ཁ་སྦོམ་ཅིག་ལུ་ གྱུར་སོ་ཡི་ཟེར་ སླབ་ཨིན་པས།
བྱང་མགོ་ཐང་ལུ་ སྡོད་མི་ཚུ་གིས་ ཁྱེགས་མཚོ་གསརཔ་ཚུ་ ལེ་ཤ་ཅིག་ར་ ཆགས་ཡོདཔ་མཐོང་ཡོདཔ་ལས་ རྒེད་འོག་གི་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ དབྱེ་ཞིབ་འབད་བར་ འགྱོ་བའི་ཤུལ་ལུ་ ཁྱེགས་མཚོ་ཚུ་ དེ་འཕྲོ་ལས་ རྦད་ནིའི་ཉེན་ཁ་མེད་པའི་ ངོས་འཛིན་བྱུངམ་ལས་ ས་གནས་ནང་སྡོད་མི་ཚུ་ལུ་ ཚ་གྱང་ལང་དགོཔ་མེདཔ་སྦེ་ སླབ་མས་ཟེར་ བཟངམོ་གིས་ བཤདཔ་ཨིན་པས།
བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ ས་ཁོངས་ནང་ མོ་རའི་ རྟ་འཚོ་བར་སོང་མི་ བཟངམོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཁྱེགས་མཚོའི་རྒྱ་ཚད་ཚུ་ཡང་ སྦོམ་སོང་ཡོདཔ་མ་ཚད་ ཆུ་ཆུང་ཀུ་༢ ཡང་ འབབ་ནི་འགོ་བཙུགས་ནུག་ཟེར་ཨིན་པས།
སྲོས་བྱང་མགོ་ཐང་དེ་ བྱི་ཅུང་སྒྲ་སྐད་གངས་རའི་རྩ་བ་ལས་ ཁ་མར་བལྟ་སྟེ་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ ལམ་འགྱོ་དགོ་པའི་ ས་ཁར་ཨིནམ་ད་ ས་གནས་ནང་སྡོད་མི་ཚུ་ ཁྱེགས་མཚོ་རྦེད་འོང་བའི་ ཚ་གྱང་གིས་ དམིགས་བསལ་དུ་ གནམ་བྱཱར་གྱི་དུས་ཚོད་ལུ་ ནུབ་མོ་ཞག་ཡང་ ཉལ་མི་ཚུགས་དོ་ཡོདཔ་ཨིན་པས།
གཡུས་མི་རིན་ཆེན་གྱིས་འབད་བ་ཅིན་ ཆུ་རུད་མ་ཐོན་པའི་ཧེ་མར་ སྐད་གོ་ནི་ཡོད་པའི་སྐོར་ལས་ ཤེས་ནི་དེ་གིས་ ཆརཔ་རྐྱབ་པའི་སྐབས་ ཨ་རྟག་ར་ རིགཔ་བསྒྱིམ་སྟེ་ ཉན་སྡོད་དོ་ཡོདཔ་མ་ཚད་ ཁོ་རའི་ ཨ་ལུ་ཚུ་ལུ་ཡང་ སྐད་མ་འདྲཝ་རེ་གོ་བ་ཅིན་ དེ་འཕྲོ་ལས་ ཁྱིམ་ནང་ལས་ འཐོན་འགྱོ་དགོཔ་སྦེ་ སླབ་དོ་ཟེར་ཨིན་པས།
སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ ད་རེས་ནངས་པ་ ཁྱེགས་མཚོ་༥ དེ་ཅིག་ ཆགས་ཡོད་མི་ཚུ་གི་འོག་ལས་མར་ ས་འཇམ་ཏོང་ཏོ་དང་ རག་རོག་ཚུ་ཨིནམ་ལས་ ཉེན་ཁ་སྦོམ་ར་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ལོ་བསྟར་བཞིན་དུ་ འཛམ་གླིང་གི་ ཚ་དྲོད་ཡར་སེང་འགྱོ་དོ་ཡོདཔ་ལས་ ཁྱེགས་མཚོ་ཚུ་ཡང་ མགྱོགས་པར་བཞུ་འགྱོཝ་མས་ཟེར་ཨིན་པས།
རྒཔོ་དཀོན་མཆོག་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གལ་སྲིད་ ཁྱེགས་མཚོ་དེ་ རྦད་འོང་པ་ཅིན་ སྲོས་རྒེད་འོག་གིས་མ་ཚད་པར་ དེ་གི་འོག་ལས་མར་ཡོད་པའི་ གཞི་ཆགས་ལེ་ཤ་ཅིག་ལུ་ར་ གནོད་ཉེན་ཡོདཔ་ལས་ གཞུང་གིས་ དབྱེ་ཞིབ་ཚུ་ ལོག་སྟེ་ར་ འགོ་འདྲེན་འཐབ་དགོཔ་ འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ འབྲུག་ས་གཏེར་ལས་ཁུངས་དང་ ཇ་པཱན་རྒྱལ་སྤྱིའི་ལས་སྡེ་ དེ་ལས་ ཇ་པཱན་ཚན་རིག་དང་འཕྲུལ་རིག་ལས་སྡེའི་ མཁས་མཆོག་ཚུ་གིས་ སྤ་ཆུ་གི་ ཁྱེགས་མཚོའི་སྐོར་ལས་ ཞིབ་འཚོལ་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ ཁྱེགས་མཚོ་ཚུ་ལུ་བརྟེན་ ཉེན་ཁ་སྦོམ་འབྱུང་སྲིད་ནི་ཨིནམ་ལས་ འཕྲུལ་ཆས་སེ་ཊ་ལ་ཡེཊ་ཐོག་ལས་ ཨ་རྟག་ར་ ལྟ་རྟོག་འབད་དགོཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཆུ་རྐ་ངོ་མ་ཨིན་མི་ སྲོས་ཆུ་དེ་ གཞན་མི་ཡན་ལག་ཆུ་༢ ལུ་བརྟེན་ འབབ་དོ་ཡོདཔ་ད་ གཡས་ཀྱི་ཆུ་དེ་ ཇོ་མོ་ལྷ་རིའི་ཁྱེགས་དང་ གཡོན་གྱི་ཆུ་དེ་ བྱི་ཅུང་སྒྲ་སྐད་ཀྱི་ ཁྱེགས་ལུ་བརྟེན་ བྱུང་དོ་ཡོདཔ་སྦེ་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པས།
ས་གཏེར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ན་ཧིང་གི་ལོ་ནང་ ཁྱེགས་མཚོ་དེ་གི་དོན་ལུ་ ལྟ་རྟོག་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཁྱེགས་མཚོ་ཚུ་ འཕྲལ་ར་ རྦད་འོང་ནིའི་ཉེན་ཁ་མ་མཐོང་རུང་ ཨ་རྟག་ར་ ལྟ་རྟོག་འབད་དགོཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
ས་ཁམས་མཁས་མཆོག་གོངམ་ ཁར་ཀ་ ཨེསི་གཱ་ལེ་གིས་ བཤད་མའི་ནང་ དུས་ཅི་ ཞིབ་འཚོལ་གྱི་ལཱ་ཚུ འབད་མ་ཚུགས་མི་དེ་ཡང་ ལ་ཡ་དང་ གླིང་གཞིའི་བར་ན་ཡོད་པའི་ ཁྱེགས་མཚོ་ལུ་ གཙོ་བོར་བཏོན་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨིན་རུང་ ས་ཁམས་མཁས་མཆོག་ཚུ་གིས་ བྱི་ཅུང་སྒྲ་སྐད་ཀྱི་ ཁྱེགས་མཚོ་ཚུ་ མགྱོགས་སུ་སྦེ་ བཞུ་དོ་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ རྒྱ་ཚད་ཡང་ སྦོམ་སུ་འགྱོ་དོ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment