གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆ་གླིང་གཡུས་ཚན་ནང་ ཁ་རམ་བཟློག་ཐབས་ཀྱི་ དུས་སྟོན་བརྩི་སྲུང་།

༡༧/༩/༢༠༡༢   ༉ ཨ་རྟག་འབད་བ་ཅིན་ མོང་སྒར་རྫོང་ཁག་ ཆ་གླིང་གཡུས་ཚན་ནང་ སྐྱེས་ལོ་༣༤ ལང་མི་ ཚེ་དབང་གིས་ ཁོ་རའི་ འབྱ་ཞིང་ཨེ་ཀར་༥ དེ་ཅིག་ ཡོད་མིའི་ནང་ འབྱ་འཛུགས་སྐྱོང་འབད་དེ་ ནང་མི་བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་མེདཔ་མ་ཚད་ མ་དངུལ་གྱི་འོང་འབབ་ཡང་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ ཨ་རྟག་བཟུམ་སྦེ་ འོང་འབབ་བཟོ་མ་ཚུགས་ཟེར་ སླབ་ཨིན་པས།
གཡུས་མི་ཅིག་གིས་ ཁ་རམ་བཟློག་ཐབས་ཀྱི་དོན་ལུ་ ཟས་སྣ་ཚུ་བཀྲམ་པའི་བསྒང་།


དེ་ཡང་ གཙོ་བོ་ར་ ན་ཧིང་གི་ལོ་ནང་ བཟའ་ཚང་ནང་འཁོད་ལུ་ བྱ་སྟབས་མ་བདེཝ་ཐོན་ནི་དེ་གིས་ ལོ་བསྟར་བཞིན་དུ་ གཡུས་ཚན་ནང་ ཁ་རམ་བཟློག་ཐབས་ཀྱི་ དུས་སྟོན་ཅིག་ བརྩི་སྲུང་འབད་སྲོལ་ཡོད་མི་དེ་ འགོ་འདྲེན་འཐབ་མ་ཚུགས་ནི་དེ་གིས་ ཁོ་གི་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་ཅི་ཟེར་ཨིནམ་ད་ ཨིན་རུང་ དུས་ཅི་ ཁོ་གིས་ ཨ་རྟག་བཟུམ་སྦེ་ར་ ཁ་རམ་དུས་སྟོན་ བརྩི་སྲུང་འབད་ཡོདཔ་ལས་ ལོ་ཕྱུགས་རྟག་ཏུ་ལེགས་ནིའི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
གཡུས་ཚན་དེ་ནང་གི་ སོ་ནམ་པ་ བསོད་ནམས་དར་རྒྱས་ཡང་ ན་ཧིང་ ཁོ་རའི་ བའུ་ཅུང་༢ ཤི་མི་དེ་ཡང་ ཁ་རམ་གྱི་ དུས་སྟོན་སྐབས་ལུ་ ཨ་རྟག་འབད་བ་ཅིན་ བའུ་ཅུང་འཚའཝ་ད་ ཁ་རམ་མི་ཕོག་ནིའི་དོན་ལུ་ བའུ་ཅུང་གི་ ཨོལ་ལྐོག་གུ་ ཁ་རམ་ཤིང་བཟོ་སྟེ་བཏགས་སྲོལ་ཡོད་མི་དེ་ བཏགས་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁ་རམ་ཟེར་མི་དེ་ མི་ཚུ་གི་ ཁ་ངན་མིག་ངན་ལ་སོགས་པ་ཚུ་ བཟློག་ཐབས་ཀྱི་དོན་ལུ་ ལོ་བསྟར་བཞིན་དུ་ རང་ཟླ་༡༠ པའི་ཚེས་༢༨ ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ བརྩི་སྲོལ་འབད་དོ་ཡོདཔ་ད་ དེ་ཡང་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ དེ་ལས་ མི་ཚུ་ལུ་ ཁ་རམ་མི་ཕོག་ནིའི་དོན་ལུ་ ས་ཞིང་དང་ རང་སོའི་ ཁྱིམ་གྱི་སྒོ་ཁར་ ཁ་རམ་ཤིང་བཟོ་སྟེ་ བཞག་དོ་ཡོདཔ་ཨིན་པས།
ཆ་གླིང་གཡུས་ཚན་ནང་ དེ་བཟུམ་གྱི་ ཁ་རམ་དུས་སྟོན་བརྩི་ནིའི་ ལམ་ལུགས་དེ་ སྔོན་དང་ཕུ་ལས་ར་ཡོདཔ་ད་ ཁ་རམ་དུས་སྟོན་དེ་ ཁྱིམ་གུང་རེ་རེ་གིས་ བརྩི་སྲུང་འབད་དོ་ཡོད་པའི་ཁར་ ཉིནམ་དང་པའི་ནང་ ཁ་རམ་ཟེར་ ལོ་ཐོག་ཚུ་ལུ་ གནོད་པ་མི་འོང་ནི་དང་ ཁ་རམ་མི་ཕོག་ནིའི་དོན་ལུ་ ས་ཞིང་ཡོད་ཚད་ཅིགཔ་ནང་ དྲོ་པ་ཧ་སག་ལོང་ཞིནམ་ལས་ ཁ་རམ་ཤིང་ལྷོངས་ཏེ་ བཞག་དོ་ཡོདཔ་ཨིན་པས།
དེ་ལས་ ཉིནམ་༢ པའི་ནང་ ནོར་གྱི་ཁ་རམ་ཟེར་ ནོར་སེམས་ཅན་ཚུ་ལུ་ ཁ་རམ་མི་ཕོག་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༡༠ དེ་ཅིག་ལུ་ ནོར་གྱི་བྱང་ས་ཚུ་ སྐོར་ར་རྐྱབ་སྟེ་ ལགཔ་ཁར་ ཁ་རམ་ཤིང་འབག་སྟེ་ ཐལཝ་གཏོར་ནི་ཡོདཔ་མ་ཚད་ མི་དང་སེམས་ཅན་ དེ་ལས་ ལོ་ཐོག་ཚུ་ལུ་ ཕོག་པའི་ཁ་རམ་ཚུ་ ཀུར་རི་ཆུ་ལུ་ སྐྱེལ་བཏངམ་ཨིན་ཟེར་ ཀུར་རི་ཆུ་མཐོང་སར་ལུ་ རྫས་སྣ་ཚོགས་དང་ ཨོམ་དང་ ཆང་ དེ་ལས་ ཤའི་ཚོདམ་བཟོ་སྟེ་ ནོར་རྫིཔ་གིས་ ཁ་རམ་དུ་རམ་ཟེར་ མི་ངན་ཁ་ངན་ཚུ་གི་ ཁ་རམ་ངན་པ་དེ་ ཆུ་གིས་འཕྱག་འབག་སྟེ་ རྒྱ་དང་བོད་ལུ་ སྐྱེལ་དགོ་ཟེར་བའི་ཚིག་ཚུ་སླབ་སྟེ་ ཆུར་བཤགས་དོ་ཡོདཔ་ཨིན་པས།
དེ་མ་ཚད་ གཡུས་ཚན་དེ་ནང་གི་ མི་དང་ སྒོ་ནོར་སེམས་ཅན་ དེ་ལས་ ལོ་ཐོག་དང་ས་ཞིང་ཚུ་ལུ་ ཁ་རམ་མ་ཕོག་པར་ ལོ་དེ་ནང་ ལོ་ཕྱུགས་རྟག་ལུ་ལེགས་དགོ་ཟེར་ སྨོན་ལམ་བཏབ་དོ་ཡོདཔ་ཨིན་པས།
སོ་ནམ་པ་ ལས་སྐྱིད་ཀྱིས་ སླབ་མིའི་ནང་ ཁ་རམ་ཤིང་དེ་གིས་ མི་ངན་ཁ་ངན་གྱི་ ཁ་རམ་བཟློག་ཚུགས་ཟེར་ཨིནམ་ད་ ཁྱིམ་གྱི་སྒོ་ཁར་ ཁ་རམ་ཤིང་ལྷོངས་བཞག་མི་དེ་གིས་ ཁྱིམ་ནང་ལུ་ཡང་ ཕུང་སྲི་ཚུ་མེད་པར་ བདེ་སྐྱིད་བྱུངམ་ཨིན་ཟེར་ཨིན་པས།
ཉིན་གྲངས་གསུམ་གྱི་རིང་ ཁ་རམ་བརྩི་སྲུང་འབད་བའི་སྐབས་ ཨམ་ཚུ་གིས་ བཞེས་སྒོ་རྡིག་རྡིགམ་བཟོ་དོ་ཡོདཔ་ད་ ཕོ་སྐྱེས་ཚུ་གིས་ མདའ་དང་ ཁུ་རུ་ཚུ་ རྩེ་དོ་ཡོདཔ་ལས་ ན་གཞོན་བུཚ་དང་ བུམོ་ཚུ་གིས་འབད་རུང་ ཁོང་རའི་ སྤྲོ་བ་དང་བསྟུན་ འདུ་འཛོམས་འབད་དོ་ཡོདཔ་ཨིན་པས།
ཆ་གླིང་གཡུས་ཚན་ནང་ ད་ལྟོ་ཚུན་ གཡུས་མི་ཚུ་གིས་ ལོ་བསྟར་བཞིན་དུ་ ཉམས་མ་བཅུག་པར་ ཁ་རམ་དུས་སྟོན་ བརྩི་སྲུང་འབད་སྲོལ་ཡོད་མི་དེ་ ཉམས་ཉེན་ཡོདཔ་ལས་ཉམས་མ་བཅུག་པར་ བརྩི་སྲུང་འབད་ནི་དེ་ གལ་ཆེ་ཤོས་ཅིག་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༤ ལང་མི་ ཚེ་དབང་གིས་ ཁ་རམ་དུས་སྟོན་དེ་ ག་དེ་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་ནའི་ དྲན་ཚོར་འབད་མི་དང་འཁྲིལཝ་ད་ ཧེ་མ་འབད་བ་ཅིན་ ཁ་རམ་དེ་ བདུན་ཕྲག་ལས་བཅད་དེ་ བརྩི་བསྲུ་འབད་ནི་ཡོད་རུང་ ད་རེས་ནངས་པ་ ཉིན་གྲངས་༣ ཡང་ བརྩི་སྲུང་འབད་ནི་མིན་འདུག་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ སྤྲོ་སྟོན་ལས་རིམ་ཚུ་ཡང་ དུམ་གྲ་ཅིག་ དུམ་གྲ་ཅིག་ ཉམས་སོ་ནུག་ཟེར་ཨིན་པས།
ཆ་གླིང་རྒཔོ་ རྟ་མགྲིན་ཚེ་དབང་གིས་ སླབ་མིའི་ནང་ ཁ་རམ་ཟེར་མི་དེ་ ལོ་འཁོར་གྱི་ དུས་སྟོན་ཁྱད་པར་ཅན་སྦེ་ བརྩི་མི་དེ་ཡང་ མི་ངན་ཁ་ངན་ཚུ་གི་ གནོད་པའི་འགལ་རྐྱེན་ཚུ་ ཁ་རམ་འདི་ལས་ བཟློག་དགོཔ་ལས་བརྟེན་ དུས་སྟོན་བརྩི་སྲུང་འབད་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ ཁ་རམ་གྱི་དུས་སྟོན་དེ་ བརྩི་སྲུང་མ་འབད་བ་ཅིན་ གཡུས་ཚན་ནང་ སྟབས་མ་བདེཝ་ཚུ་ རྫོགས་ནི་མེད་པར་ ཐོནམ་ཨིན་ཟེར་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཆ་གླིང་གཡུས་ཚན་ནང་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དང་ ནད་མུག་འཁྲུག་རྩོད་ཚུ་ མི་འབྱུང་ནིའི་དོན་ལུ་ ཁ་རམ་གྱི་ དུས་སྟོན་བརྩི་སྲུང་འབད་ནི་དེ་ གལ་གནད་ཅན་ཅིག་སྦེ་ བརྩི་དོ་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment