གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུའི་ཤ་ཁང་ནང་ ད་རིས་ལས་ ཤའི་གོང་ཚད་ཡར་སེང་རྐྱབ་ཡོདཔ།

༡༥/༩/༢༠༡༢   ༉ ཐིམ་ཕུའི་ཤ་ཁང་ལ་ལུ་ཅིག་ནང་ ནོར་ཤ་བཙོང་ནི་མེད་པར་ དུས་ཡུན་ཟླཝ་ལས་བཅད་དེ་སོང་ཡོདཔ་ཨིན་རུང་ ད་ལས་ཕར་ ལོག་སྟེ་ར་ནོར་ཤ་ཚུ་ ཧེ་མ་བཟུམ་སྦེ་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་ཚོང་དང་བཟོ་གྲྭའི་ ཞལ་འཛོམས་ཁང་ནང་སྦེ་ ཐིམ་ཕུའི་ ཤ་བཙོང་མི་ཚུ་དང་ ཤའི་གོང་ཚད་བཟོ་མི་ཚོགས་པ་ཚུ་ འཛོམས་ཐོག་ལས་ གྲོས་བསྟུན་འབད་དེ་ ཤའི་རིགས་ཀྱི་གོང་ཚད་ཚུ་ ཡར་སེང་འབད་མི་ལུ་བརྟེན་ཏེ་ཨིན་པས།

ཐིམ་ཕུའི་ཤ་ཁང་ཅིག།


གོང་ཚད་ཚུ་ཡང་ གཙོ་བོ་ར་ ད་རེས་ནངས་པ་ ཚོང་པ་ཚུ་གིས་ ཤ་ནང་འདྲེན་འབད་ས་ རྒྱ་གར་གྱི་ས་གནས་ནང་ གོང་ཚད་ཚུ་ ཡར་སེང་སོང་མི་དང་ སྐྱེལ་འདྲེན་གྱི་ཟད་འགྲོ་ཚུ་ཡང་ ཡར་སེང་སོང་མི་གནད་དོན་ལུ་ གཞི་བཞག་སྟེ་ ཡར་སེང་འབད་ཡི།
དེ་གི་དོན་ལུ་ ཤའི་ཚོང་པ་ཚུ་གིས་ ཁོང་རའི་གནས་སྟངས་དང་འཁྲིལ་ གོང་ཚད་ཀྱི་ གྲོས་འཆར་ཅིག་བཙུགས་མིའི་གུ་ ལོག་སྟེ་ར་ གྲོས་བསྡུར་འབད་ཐོག་ལས་ གྲོས་འཆར་གྱི་གོང་ཚད་ལ་ལུ་ཅིག་ ཧེ་མའི་ཐོག་ལུ་ བཞག་ཡོདཔ་ཨིན་རུང་ གོང་ཚད་ལ་ལུ་ཅིག་ མཐོ་དྲགས་ནི་དེ་གིས་ མར་ཕབ་འབད་དེ་བཟོ་ཡི་ཟེར་ཨིན་པས།
ཚོང་པ་ཚུ་གིས་འབད་བ་ཅིན་ ནོར་ཤ་ལྷ་པ་རྐྱངམ་གཅིག་གི་གོང་ཚད་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠༠ དགོཔ་སྦེ་ གྲོས་འཆར་བཙུགས་ས་ལས་༡༩༠ ལུ་ མར་ཕབ་རྐྱབ་ཡོདཔ་ད་ ཕག་ཤ་བསིལ་སྐམ་ ཀེ་ཇི་ལུ་ དངུལ་ཀྲམ་༣༥༠ དགོཔ་སྦེ་བཀོད་མི་དེ་ དངུལ་ཀྲམ་༣༢༠ ལུ་ མར་ཕབ་འབད་ཡི།
ཤའི་གོང་ཚད་བཟོ་མི་ ཚོགས་པའི་འཐུས་མི་ཅིག་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཕག་ཤ་བསིལ་སྐམ་གྱི་གོང་ཚད་ ལེགས་ཤོམ་ཐོབ་ནི་དེ་གིས་ ཕུན་ཚོགས་གླིང་ལས་ ཕག་ཤ་ཚུ་ལྷོདཔ་ཅིག་ ཚོང་པ་ཚུ་གིས་ དེ་འཕྲོ་ལས་དྲ་སྟེ་ བསིལ་སྐམ་བཟོ་བཞག་དོ་ཡོདཔ་ལས་ ཕག་ཤ་རློནམ་ཚུ་ ལངམ་སྦེ་མ་ཐོབ་པའི་ དཀའ་ངལ་ཡང་ བྱུངམ་མས་ཟེར་སླབ་ཅི།
འདས་པའི་ཟླཝ་ལུ་ རྒྱ་གར་གྱི་ས་གནས་ནང་ ཤའི་གོང་ཚད་ཚུ་ ཡར་སེང་སོང་མི་དང་འཁྲིལ་ ཚོང་པ་ཚུ་གིས་ གོང་ཚད་ཡར་སེང་འབད་དེ་ བཙོང་མི་ལུ་བརྟེན་ བསྟན་རྒྱས་ལྷན་ཁག་འོག་གི་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཚོང་པའི་ཚུ་གི་ ཆོག་ཐམ་ཚུ་བསྡུ་འབག་ཐོག་ལས་ ཉེས་བྱ་ཚུ་ཡང་ བཀལ་ཡོདཔ་ཨིན་པས།
ལྷན་ཁག་གི་ ཚོང་འབྲེལ་མདོ་ཆེན་ བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ ཚོང་པ་ཚུ་གིས་ ཚོང་རྐྱབ་པའི་སྐབས་ལུ་ རང་གི་ཁེ་སང་ རྐྱངམ་གཅིག་ལུ་དམིགས་ཏེ་བསྐྱེད་ཐོག་ལས་ ག་ལྷོད་འབད་ནི་མིན་པར་ སྲིད་བྱུས་དང་འཁྲིལ་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་སླབ་ཅི།
གལ་སྲིད་ ཚོང་པ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་བཙོང་པ་ཅིན་ དེ་ལུ་ གོང་ཚད་ཟེར་ཚད་བཟོ་དགོཔ་ མེདཔ་ཨིན་རུང་ ནང་འདྲེན་འབད་མིའི་ཤ་ཚུ་ ནང་འཁོད་ཀྱི་ཨིན་ཟེར་སླབ་སྟེ་ གོང་ཚད་ཐེབས་རྐྱབ་མི་ཆོག་ཟེར་ མདོ་ཆེན་གྱིས་སླབ་ཨིན་པས།
ཁ་ཙ་ ཞལ་འཛོམས་ཀྱི་སྐབས་ལུ་ ཤའི་གོང་ཚད་ཚོགས་པའི་ ཁྲི་འཛིན་སྦེ་ བཙག་འཐུ་གྲུབ་མི་ ཐིམ་ཕུ་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་གོངམ་ རྡོ་རྗེ་འབྲུག་པ་གིས་ ཤའི་གོང་ཚད་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འབད་དགོཔ་དེ་ ངེས་བདེན་ཨིན་རུང་ དེ་ལུ་ ཚོང་པ་ཚུ་གི་ཁ་ཐུག་ལས་ འོས་ལྡན་གྱི་སྒྲུབ་བྱེད་ཚུ་ བཀོད་དགོ་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བྱུང་མི་དང་བསྟུན་ ཤའི་རིགས་ཚུ་ ནང་འདྲེན་འབད་ནི་མིན་པར་ ནང་འཁོད་ཀྱི་ཐོན་ཁུངས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ཤུགས་བཏོན་དགོ་ཟེར་ ཁོ་གིས་སླབ་ཨིན་པས།
རྡོ་རྗེ་འབྲུག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ཤ་དང་ཉ་ དེ་ལས་ ཕག་ཤ་ཚུ་ཡང་ རྒྱལ་ཁབ་ཀྱི་ ལྷོ་མཚམས་རྫོང་ཁག་ཚུ་ནང་ལས་ ཐོབ་ཚུགས་དོ་ཡོདཔ་ལས་ ནང་འདྲེན་ལུ་བརྟེན་པའི་ དཀའ་ངལ་སྦོམ་འབྱུང་ནི་བཟུམ་ མི་མཐོང་མས་ཟེར་ཨིན་པས།
གོང་ཚད་ཡར་སེང་འབད་དགོ་མིའི་གནད་དོན་ལུ་ ཚོང་པ་ཚུ་གིས་འབད་བ་ཅིན་ ཁོང་གི་ཤ་ཚུ་ ཕུན་ཚོགས་གླིང་ལས་ ཐིམ་ཕུ་ལུ་  སྣུམ་འཁོར་བཱོ་ལེ་རོ་ཚུ་ནང་སྦེ་ འབག་འོང་དོ་ཡོདཔ་ད་ དེ་བསྒང་ ཤ་ཀེ་ཇི་རེ་ལུ་ སྐྱེལ་འདྲེན་གྱི་གླ་ཆ་ དངུལ་ཀྲམ་༡༠ རེ་ སྤྲོད་དགོ་ཟེར་ཨིན་པས།
ཐིམ་ཕུའི་ ཤ་ཁང་ཅིག་གི་ཇོ་བདག་ དཱན་བྷ་དུར་ སུ་བྷ་གིས་སླབ་མིའི་ནང་ གལ་སྲིད་ ཁོང་གིས་ རྒྱལ་ཁབ་ནང་འཁོད་ལས་ ནོར་སེམས་ཅན་ཚུ་ཉོ་བ་ཅིན་ དེ་ཚུ་ མ་བསད་པའི་ཧེ་མར་ འགོ་དཔོན་ཚུ་གིས་ དབྱེ་ཞིབ་འབད་བའི་སྐབས་ སེམས་ཅན་དེ་ལུ་ ནད་གཞི་རེ་ཡོད་པའི་རྟགས་མཚན་འབྱུང་པ་ཅིན་ འཕྱོག་བཟུང་འབད་བའི་བསྒང་ལས་ ཏི་རུ་ཚུ་ ལོག་མི་ཐོབ་དོ་ཡོད་མི་གིས་མ་ཚད་ སེམས་ཅན་ཚུ་ ག་ལྷོད་སྦེ་ བསད་མི་བཅུག་དོ་ཡོདཔ་ལས་ རྩི་རང་སེམས་ཅན་བསད་ཁང་ནང་ར་ འབག་བསྐྱལ་དགོ་མི་ལུ་བརྟེན་ དཀའ་ངལ་འདུག་ཟེར་ཨིན་པས།
ཤའི་གོང་ཚད་ ཡར་སེང་འབད་མི་ལུ་བརྟེན་ ཤ་ཚོང་འཐབ་མི་ཚུ་ སེམས་དགའ་ཡི་ཟེར་སླབ་ཨིན་རུང་ འགོ་དཔོན་ཚུ་གིས་ ཧེ་མ་ལས་ ཤའི་ཚོང་འབྲེལ་འཐབ་ནི་དེ་ སྡིག་པའི་ལཱ་ཅིག་ཨིནམ་ལས་ ཤ་འཇལ་བའི་སྐབས་ མགུ་སྐོར་རྐྱབ་ནི་དང་ གོང་ཚད་ཐེབས་རྐྱབ་ཐོག་ལས་འབད་བ་ཅིན་ དེ་གིས་ ཧེང་བཀལ་ར་ ལས་བསག་ནི་ཨིནམ་ལས་ དེ་ཚུ་འབད་ནི་མི་འོང་ཟེར་ སླབ་ཨིན་པས།
དེ་དང་གཅིག་ཁར་ རེ་ཚེ་སྐབས་ ཤའི་གོང་ཚད་ཀྱི་སྐོར་ལས་ ཁྲིམས་ལུགས་ལག་ལེན་འཐབ་མི་ཚུ་ ཤ་ཉོ་བར་འོངམ་ད་ གོང་ཚད་སོ་སོ་དང་ སྤྱིར་བཏང་གི་ ཚོང་མགྲོན་པ་ཚུ་ལུ་ གོང་ཚད་སོ་སོ་སྦེ་རྐྱབ་ནི་ཚུ་ རྩ་ལས་ར་ འབད་མི་ཆོག་ཟེར་ སླབ་ཨིན་པས།
ད་ལས་ཕར་ རང་སོའི་ཚོང་ཁང་ནང་ ཤའི་གོང་ཚད་ཚུ་ བརྡ་བྱང་གུ་ གསལ་བཀོད་འབད་དེ་ སྦྱར་བཞག་དགོཔ་ད་ གལ་སྲིད་ དེ་དང་འཁྲིལ་མ་འབད་བ་ཅིན་ དབྱེ་ཞིབ་འབད་མི་ཚུ་གཏང་ཐོག་ལས་ ཉེས་བྱ་བཀལ་ནི་ཨིན་ཟེར་ ཚོང་འབྲེལ་འགོ་དཔོན་ཚུ་གིས་ ཉེན་བརྡ་ཚུ་ཡང་ བྱིན་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment