གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་སྒྲིགས་ཁྲིམས་དང་ སྲིད་བྱུས་ལམ་སྟོན་བསྒྱུར་བཅོས་འབད་མི་ལུ་ ཆ་མཉམ་གྱིས་ མཉམ་འབྲེལ་མཛད་གནང་།

༡༥/༩/༢༠༡༢   
སྤྱི་ཚེས་༨/༩/༢༠༡༢ ཀྱི་འཕྲོ་མཐུད།

༉ གནད་དོན་དེ་ཚུ་ལུ་བརྟེན་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ཤེས་རིག་དང་ གསོ་བའི་ལྷན་ཁག་ ན་གཞོན་གོང་འཕེལ་ལྟེ་བ་ གཞན་ཡང་ གཞུང་མིན་ལས་སྡེ་ལ་སོགས་པ་ཚུ་དང་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ ན་གཞོན་ཚུ་ལུ་ ལམ་སྟོན་བཟང་པོ་དང་ གོ་བ་བརྡ་སྤྲོད་ཀྱི་ ཐབས་ཤེས་སྣ་ཚོགས་སྒོ་ལས་ བདག་འཛིན་འཐབ་དང་འཐབ་བཞིན་དུ་ཡོད་ཟེར་ཞུ་ནི།



ལྷག་པར་དུ་ ད་རེས་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ མ་འོངས་རྒྱལ་ཁབ་ཀྱི་ སྲོག་ཤིང་དང་འདྲ་བའི་ ན་གཞོན་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ སློབ་གྲྭའི་སྒྲིགས་ཁྲིམས་དང་ སྲིད་བྱུས་ལམ་སྟོན་གྱི་ བསྒྱུར་བཅོས་མཛད་གནང་ཡོད་ཟེར་ཞུ་ནི།
དེ་སྦེ་ མཛད་གནང་དགོ་པའི་ དམིགས་དོན་གཙོ་བོ་ར་ སངས་རྒྱས་ཀྱི་གསུང་ལས་ཡང་ ནང་དུ་ཡོན་ཏན་ཀུན་ལྡན་ཡང་། །བྱ་སྤྱོད་ངན་ན་ཀུན་གྱིས་སྨད། །ཟེར་ གསུངས་དོ་བཟུམ་སྦེ་ ང་བཅས་རའི་ མི་གི་ལེགས་ཉེས་འདི་ གཙོ་བོ་ར་ བྱ་སྤྱོད་ལུ་ རག་ལས་ནི་ཨིནམ་ལས་ སློབ་ཕྲུག་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ རང་སོའི་ལྕོགས་གྲུབ་ཀྱི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནི་དང་ འཛོལ་བའི་ལམ་ལུ་ཞུགས་མི་ སློབ་ཕྲུག་ཚུ་གི་ བྱ་སྤྱོད་བཅོ་ཁ་རྐྱབ་ནི་ཚུ་ ཉམས་གསོའི་ཐབས་ལམ་ཚུ་ནང་ཡང་ ཚུད་དེ་ཡོད་ཟེར་ཞུ་ནི།
དེ་ཁར་ གལ་སྲིད་སློབ་ཕྲུག་ཚུ་ ལེགས་ཤོམ་བཟོ་ནིའི་ཐབས་ལམ་ ག་ཅི་བཟུམ་ཅིག་ བཏོན་ཏེ་འབད་རུང་ རྩ་ལས་ར་ ལེགས་བསྒྱུར་མེད་པ་ཅིན་རྐྱངམ་གཅིག་ སློབ་གྲྭ་ནང་ལས་ བཏོན་གཏང་ནི་ཨིན། རྒྱུ་མཚན་འདི་ལ་བརྟེན་ སློབ་གྲྭ་ཚུ་ནང་ལས་ཕར་ སློབ་ཕྲུག་ཚུ་གིས་ ཁྲིམས་འགལ་གྱི་ བྱ་ངན་འབད་ནིའི་ གྱངས་ཁ་དེ་ མར་འབབ་འགྱོ་ཚུགས་པའི་ ཁེ་ཕན་སྦོམ་ར་ཡོདཔ་ཨིན།
སྲིད་བྱུས་ལམ་སྟོན་འདི་དང་འཁྲིལ་ སློབ་གྲྭ་ཁག་ཚུ་ནང་ལས་ཕར་ སྒྲིགས་ཁྲིམས་ལག་ལེན་འཐབ་ནིའི་དོན་ལུ་ སློབ་གྲྭའི་དབང་འཛིན་པ་ཚུ་གི་ཁ་ཐུག་ལས་ སྲིད་བྱུས་ཚུ་ ཧིང་སངས་ས་སྦེ་ ཧ་གོ་ཚུགསཔ་བཟོ་ཐབས་དང་ སློབ་ཕྲུག་ཚུ་ལུ་ཡང་ དྲན་ཚོར་འབད་ནིའི་ལས་སྣ་དེ་ མཛད་དང་མཛད་བཞིན་དུ་ཡོད་མི་དེ་ལུ་ འབྲུག་མི་ཡོངས་ཀྱིས་ མཉམ་འབྲེལ་ག་དེ་དྲག་དྲག་ མཛད་གནང་དགོ་ཟེར་ ཞུ་དགོ་མི་འདི་ཡང་ དཔྱེ་གཏམ་ལས་ ལགཔ་ཡ་གཅིག་གིས་ཐལ་རྩེ་བརྡུང་མི་བཏུབ། །ཟེར་དོ་བཟུམ་ ང་བཅས་རའི་ ན་གཞོན་ཚུ་ ལེགས་བཅོས་བཟོ་ཐབས་ལུ་ གཅིག་དང་གཉིས་ལུ་བཀལ་བཞག་པར་ མི་འཚམས་ཟེར་ཞུ་ནི།
ང་བཅས་ར་འི་ འབྲུག་རྒྱལ་ཁབ་འདི་ནང་ དགའ་སྐྱིད་འདི་ བསྐལ་པ་མ་སྟོང་གི་བར་དུ་ གནས་ཐབས་ལུ་ མ་འོངས་པའི་ ན་གཞོན་ཚུ་ལུ་ སྤུས་ཚད་དང་ལྡན་པའི་ ཤེས་རིག་ཡོན་ཏན་སྤྲོད་དེ་ ལེགས་པའི་ལམ་ཕྱོགས་ལུ་ ཁ་འགྱུར་ནིའི་འགན་ཁུར་ གཙོ་བོ་གཅིགཔོ་དེ་ སྤྱིར་འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཡོངས་ཀྱི་འགན་འཁུར་དང་ ལྷག་པར་དུ་ ང་བཅས་ར་ སློབ་གྲྭ་ཁག་གི་ ན་གཞོན་བུཚ་དང་ བུམོ་ཚུའི་ཕམ་གཉིས་པ་ཨིན་མི་ སློབ་དཔོན་ཡོངས་ལུ་ ཕོགཔ་ངེས་བདེན་ཨིན་མི་དེ་ཡང་ དཔེ་འབད་བ་ཅིན་ བཟོ་རིགཔ་གིས་འཛོལ་བའི་ལཱ་ཤུལ་ གྱང་གི་ལོགས་ལུ་འཚིག །དྲུང་འཚོ་གིས་འཛོལ་བའི་ལཱ་ཤུལ་ དུར་ཁྲོད་ནང་འཚིག །ཁྲིམས་རྩོདཔ་གིས་འཛོལ་བའི་ལཱ་ཤུལ་ ཡིག་སྣོད་ནང་འཚིག ། དེ་ལས་ སློབ་དཔོན་གྱིས་འཛོལ་བའི་ལཱ་ཤུལ་ རྒྱལ་ཡོངས་ལུ་གནོདཔ་ཨིན་པའི་ ཐུགས་ཀྱི་ཚ་གྱང་སྦོམ་བཞེས་ནུག་ཟེར་ཞུ་ནི།
འདི་ལུ་བརྟེན་ཏེ་ སློབ་གྲྭ་ཁག་ཚུ་ནང་ལས་ཕར་ ན་གཞོན་སློབ་ཕྲུག་ཚུ་ལུ་ ཕྱི་ནང་གཉིས་ཀྱི་ ཤེས་ཡོན་གྱི་གཙོས་པའི་ ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ ལེགས་བཅོས་འབད་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ བསམ་སྤྱོད་ཤེས་ཡོན་ དེ་ལས་ སྒྲིག་ལམ་རྣམ་གཞག་ལ་སོགས་པའི་ ཤེས་ཡོན་དང་ བསླབ་བྱ་བཟང་པོ་ཚུ་ ཞར་དང་ཞོར་ཁར་ ཉིན་བསྟར་བཞིན་དུ་ ན་གཞོན་གྱི་ དུས་སྐལ་བཟང་པོ་ལུ་ གནད་ཆུང་འདམ་དྲི་གིས་བསྒྱེས་ཏེ་ མ་འཇའ་སི་སི་བཟོ་མ་བཅུག་པར་    ལེགས་མདངས་གཟི་བརྗིད་དང་ལྡནམ་སྦེ་ བཞག་ནི་ལུ་ བརྩོན་དང་བརྩོན་བཞིན་དུ་ཡོད་ཟེར་ཞུ་ནི།
ད་ལས་ཕར་འབད་རུང་ རྒྱལ་ཡོངས་སློབ་གྲྭ་ཁག་གི་ སློབ་དཔོན་ཕོ་མོ་མཉམ་རོགས་ཡོངས་ཀྱིས་    ཧེང་སྐལ་ར་ འཕྲོ་མཐུད་དེ་བརྩོན་ཤུགས་ཐེབས་བསྐྱེད་དེ་ མཛད་གནང་དགོ་ཟེར་ཞུ་ནི།
གཞུང་ཞབས་ཀྱི་ཁ་ཐུག་ལས་ ཐུགས་ཀྱི་ཚ་གྱང་སྦོམ་བཞེས་ཏེ་ འབྲུག་གི་ན་གཞོན་ཚུ་གི་ ཕན་བདེ་ལེགས་བཅོས་ཀྱི་དོན་ལུ་ ཤེས་ཡོན་སྦྱང་སའི་སློབ་ཁང་དང་ ཕྱི་ནང་གཉིས་ཀྱི་ ཆོས་ཡོན་ཏན་སྟོན་མི་ སློབ་དཔོན་ལ་སོགས་པའི་ མཐུན་རྐྱེན་ཚུ་ རྒྱ་མཚོའི་ནང་ལས་ ཆུ་དབོགས་དོ་བཟུམ་ ཟད་འགྲོ་རྒྱ་ཆེཝ་སྦེ་ གསོལ་རས་གནང་སྟེ་ རང་ལུ་དགོ་པའི་ཡོན་ཏན་ཚུ་ རིན་མེད་སྟོང་པར་ ཉམས་དགའ་བའི་ཐོག་ལས་    སྦྱང་བརྩོན་འབད་ནིའི་ གོ་སྐལ་བཟང་པོ་དེ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་མ་གཏོགས་གཞན་ཁར་མེད་ཟེར་ཞུ་ནི།
ད་རུང་ འདི་གིས་མ་ཚད་པར་     རང་སོའི་ལྕོགས་གྲུབ་དང་བསྟུན་པའི་ ལཱ་གཡོག་ཆེ་འབྲིང་ཆུང་གསུམ་ཚུ་ གནང་བཞིན་དུ་ཡོད་མི་དེ་ལུ་ ང་བཅས་ར་ ན་གཞོན་བུཚ་དང་བུམོ་ཚུ་གིས་ གཞུང་ཞབས་ཀྱི་སྐུ་དྲིན་ ཉལ་བའི་གཉིད་ཀྱི་བར་ན་ཡང་ མ་བརྗེད་པར་བསམ་སྟེ་ ང་བཅས་ཆ་ཁྱབ་ ཐོབ་པར་དཀའ་བའི་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་ དེ་ལས་ ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ སྐྱེ་བ་ལེན་མི་འདི་ སྔོན་གྱི་བསོད་ནམས་ཀྱི་ སྟོབས་ཤུགས་ལས་བརྟེན་ཏེ་ ཨིན་མི་དེ་ཡང་ ཇི་སྐད་དུ་སྔ་མ་གང་བྱས་ད་ལྟའི་ལུས་ལུ་བལྟ། །ཕྱི་མ་གང་འབྱུང་ད་ལྟའི་སེམས་ལ་དྲི། །ཟེར་ གསུངས་ཡོདཔ་བཟུམ་སྦེ་ ད་ལས་ཕར་ མ་འོངས་པའི་ བདེ་སྡུག་གི་འགྲུབ་ཐབས་ག་ར་ ང་བཅས་རའི་ ལག་པར་ཡོདཔ་ཨིནམ་ཤེས་དགོ་ཟེར་ཞུ་ནི།
ད་ལྟོ་ལས་ར་ མ་འོངས་རྒྱལ་ཁབ་ཀྱི་ ཞབས་ཏོག་ཞུ་ནིའི་མནོ་བསམ་གཏང་སྟེ་ འཛམ་གླིང་ནང་    མེད་ཐབས་མེད་པའི་ནོར་བུ་ རང་གིས་ལྟ་བའི་མིག་ཏོ་དང་ མནོ་བའི་དོན་ཧིང་བཟུམ་ཅིག་ཨིན་མི་རང་གི་མི་ཚེ་ནང་ ལཱ་དང་བྱ་བ་ཚུ་ ག་ཅི་བཟུམ་ཅིག་ར་འབད་རུང་  ལེགས་ཤོམ་དང་ གྲུབ་འབྲས་ཅན་ཅིག་ འགྱོ་ཚུགས་ནིའི་དོན་ལུ་ མེད་ཐབས་མེད་པའི་ ཕྱི་ནང་གཉིས་ཀྱི་ ཤེས་རིག་ཡོན་ཏན་དེ་སྦྱང་པའི་གནས་སྐབས་ནང་ ཕྱི་ནང་གི་ཤེས་ཡོན་དེ་ མཐར་ཕྱིན་དགོ་མནོ་བའི་ དང་འདོད་མེད་པའི་ལེ་ལོ་དང་ལཱ་གཅིག་མཐར་མ་འཁྱོལཝ་ལས་ གཞན་མི་ཅིག་ལུ་ སྤྲོ་བ་བསྐྱེད་པའི་ཡེངས་བ་གཉིས་སྤང་སྟེ་ རང་གིས་ ག་ཅི་ལྷབ་དགོ་མི་འདི་ ཨིན་ཅི་མིན་ཅི་ ཤེས་དགོ་མནོ་བའི་དང་འདོད་བསྐྱེད་དེ་སེམས་ཀྱི་གདིང་ལས་ར་ བརྩོན་འགྲུས་བསྐྱེད་དེ་ ལྷབ་དགོཔ་ཨིན་ཟེར་ཞུ་ནི།
ཇི་སྐད་དུ་ བློ་དང་བརྩོན་འགྲུས་ལྡན་འགྱུར་པ། །དེ་ཡིས་བསྒྲུབ་པར་མི་ནུས་གང་། །ཟེར་ གསུངས་དོ་བཟུམ་སྦེ་ ག་ཅི་ར་སྦེ་རུང་ འབད་མ་ཚུགསཔ་ཟེར་མི་འདི་ རྩ་ལས་མི་སྲིད།    ས་སྐྱ་ལེགས་བཤད་ལས་ཡང་མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཟེར་ གསུངས་དོ་བཟུམ་སྦེ་ བདེ་བ་ལུ་ ལོངས་སྤྱོད་མི་མཁས་པ་ཚུ་ ཧེ་མ་ དཀའཝ་སྦོམ་སྤྱད་པའི་འབྲས་བུ་ཨིན་ཟེར་ཞུ་ནི།
དེ་འབདཝ་ལས་ སློབ་ཕྲུག་ན་གཞོན་ཆ་ཁྱབ་ཀྱིས་ འཕྲལ་གྱི་བདེ་བ་ལུ་མ་བལྟ་བར་ མ་འོངས་པའི་བདེ་བ་ལུ་བལྟ་སྟེ་ཚེ་འདི་ཕྱི་གཉིས་ལུ་ཕན་པའི་ ཕྱི་ནང་གཉིས་ཀྱི་ཡོན་ཏན་འདི་ ལེ་ལོ་མེད་པའི་བརྩོན་ཤུགས་ཐོག་ལས་ ལྷབ་དགོ་པའི་ཁར་ གཞུང་ཞབས་ལས་ ང་བཅས་ར་ ན་གཞོན་ཚུ་གི་དོན་ལུ་ ཐུགས་ཀྱི་ཚ་གྱང་སྦོམ་བཞེས་ཏེ་ མ་འོངས་པ་ལུ་ ན་གཞོན་ཚུ་གིས་ རྒྱལ་ཁབ་ཀྱི་རྩ་བ་༣ ལུ་ ཕྱག་ཕྱིད་ཞབས་ཏོག་ལེགས་ཤོམ་ཞུ་འོང་མནོ་བའི་ ཐུགས་ཀྱི་རེ་བ་སྦོམ་ཡོད་མི་འདི་ལུ་    བློ་བྱག་ཕུག་གཏད། །བྱག་ཕུག་སྟོངམ། །ཟེར་བའི་ དཔྱེ་བཟུམ་ཅིག་ལུ་ མ་འགྱུརཝ་ཅིག་ འབད་དགོཔ་ཨིན།
ད་ལྟོ་ ཡོན་ཏན་ལྷབ་པའི་བསྒང་ལས་ར་ བཀའ་དྲིན་བསམ་ཤེས་ཀྱི་སྒོ་ལས་ ཐ་དམ་ཚིག་དཔང་ལུ་བཙུགས་ཏེ་ རང་གིས་ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ རྩ་བ་༣ ལུ་ ཕྱག་ཕྱིད་འབྱོར་ཚུགསཔ་ཅིག་འབད་ནི་གི་ ཁས་བླངས་དམ་བཅའ་ལེན་དགོཔ་འདི་ག་ཅི་དེས་ གལ་ཆེ་ཟེར་ཞུ་ནི།   
དེ་དང་འདྲཝ་སྦེ་    ང་བཅས་ར་ ན་གཞོན་སློབ་ཕྲུག་ཆ་མཉམ་གྱི་ཁ་ཐུག་ལས་ ད་ལྟོ་ལས་ར་ མ་འོངས་པར་ རྒྱལ་ཁབ་ཀྱི་ ཞབས་ཏོག་ཞུ་ནིའི་ མནོ་བསམ་གཏང་སྟེ་ བརྩོན་ཤུགས་ཐེབས་བསྐྱེད་པ་ཅིན་ ཤུལ་ལས་ གཞུང་ཞབས་ཀྱི་ བཀའ་དྲིན་དྲིན་ཕུལ་འབད་ནི་དང་ ཕམ་གྱི་དྲིན་ལན་འཇལ་ནི་དེ་ལས་ རང་གི་མི་ཚེ་ དོན་དང་ལྡན་ཚུགས་ཏེ་ སྤྲོ་ཉམས་ཀྱི་ཐོག་ལུ་སྡོད་ཚུགས་ཟེར་ཞུ་ནི།
དེ་འབདཝ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ བསོད་ནམས་ཀྱི་སྐལ་བ་དང་ལྡན་པའི་ ན་གཞོན་སློབ་ཕྲུག་ཆ་མཉམ་གྱིས་ ཆ་རོགས་ངན་པ་ཚུ་དང་ ཁ་བསྡོམས་ཏེ་ སྨྱོ་རྫས་དང་འབྲེལ་བའི་བྱ་ངན་ཚུ་ལས་ ག་དེ་དྲག་དྲག་ འཛེམ་ཞིནམ་ལས་ སེམས་ཁར་ཚ་གྱང་ཐེབས་འབག་སྟེ་ གཞུང་གི་བཀའ་དྲིན་བསམ་ཤེས་ཀྱི་སྒོ་ལས་ད་ལྟོ་ གསེར་སྲང་བརྒྱ་ལས་ལྷག་པའི་ ཤེས་རིག་ཡོན་ཏན་སྦྱང་ནིའི་ གོ་སྐབས་བཟང་པོ་ཐོབ་པའི་སྐབས་ལུ་ གཞུང་གི་བཀའ་དྲིན་ཡང་ བསམ་མ་ཤེས་ རང་གི་མཐའ་དོན་ལུ་ཡང་ མནོ་བསམ་གཏང་མ་ཤེས་པར་ཁྱལ་ཕོག་ཕོགཔ་བཟུམ་ཅིག་སྦེ་ སྣང་བ་གང་ཤར་གྱི་ཐོག་ལུ་སྡོད་དེ་ གཞུང་གི་ཟད་འགྲོ་འཕྲོ་བརླག་དང་ རང་གི་མི་ཚེ་ཆུད་ཟོས་མ་གཏངམ་ཅིག་ འབད་དགོ་ཟེར་ཞུ་ནི།
མཇུག་ར་ ང་བཅས་ར་འབྲུག་མི་ཡོངས་ཀྱིས་ ན་གཞོན་བུཚ་དང་ བུམོ་ཚུ་གི་ སྨྱོ་རྫས་དང་འབྲེལ་བའི་ བྱ་ངན་བཀག་ཐབས་ལུ་ མཉམ་རུབ་ག་དེ་དྲག་དྲག་ མཛད་གནང་དགོ་ཟེར་ ཞུ་མི་དེ་ཡང་ འཇིག་རྟེན་པའི་དཔྱེ་གཏམ་ལས་ སྦལཔ་མངན་སྟག་ཡང་བསད། །ཟེར་དོ་བཟུམ་སྦེ་ དེ་བཟུམ་མའི་དཀའ་ངལ་ཚུ་ ང་བཅས་ར་འབྲུག་མི་ རེ་རེ་བཞིན་དུ་གིས་ འགན་ཁུར་འབགཔ་འདྲཝ་ཅིག་འབད་བ་ཅིན་ རང་བཞིན་གྱིས་བཀག་ཚུགས་ཏེ་ ང་བཅས་ར་འབྲུག་མི་ཚུ་ ཕ་སྡོད་སར་བུ་སྡོད།    གངས་བར་ནང་གི་ཆུ་འཐུང་། །སྤྲིན་བར་ནང་གི་ཉིམ་བསྲོ། དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་གྲུབ་སྟེ་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་ ཚེས་བཅོ་ལྔའི་ཟླཝ་བཟུམ་སྦེ་ སྤྲོ་ཉམས་འབྱུང་མ་ཚུགས་པའི་ ཐེ་ཚོམ་རྩ་ལས་ར་ མི་འོང་ཟེར་ ཞུ་ནི་དང་འབྲེལ་ཏེ་ ཡང་བསྐྱར་དུ་ཞུ་བ་ཅིན་ ང་བཅས་རའི་ མ་འོངས་པའི་འགན་འཁྲི་ཅན་གྱི་ ན་གཞོན་ཚུ་གི་ཚ་གྱང་དང་ ལེགས་བཅོས་འབད་ནི་ལུ་ ང་བཅས་ར་ འབྲུག་མི་ཡོངས་ཀྱིས་ མཉམ་འབྲེལ་དང་རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་ མཛད་གནང་དགོ་ཟེར་ ཞུ་ནི་ཨིན།

ཀྲོང་གསར་བྲང་ལཔ་ རིན་ཆེན་རྡོ་རྗེ་(རྫོང་སློབ)
ཐིམ་ཕུ་ ཁའས་གྲབ་ཅུ་འབྲིང་རིམ་སློབ་གྲྭ་བར་མ།

No comments:

Post a Comment