དེ་ཡང་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱིས་ འཕྲལ་མགྱོགས་ར་ མུ་ཏིག་ཐང་ལུ་ སྲོག་རླུང་ག་དེ་སྦེ་ སྲུང་སྐྱོབ་འབད་ནི་ཨིན་ན་དང་ དེ་གི་ཐབས་ལམ་ཚུ་ ན་གཞོན་གླིང་ཁའི་ས་ཁོངས་ བཟོ་སྐྲུན་འབད་ཐོག་ལས་ གོ་བརྡ་སྤྲོད་ནིའི་མཐུན་རྐྱེན་ཚུ་ བཞག་ནི་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ གསུངས་མིའི་ནང་ འཛམ་གླིང་རྒྱལ་སྤྱིའི་ འགོ་ཁྲིདཔ་དང་ དབུ་ཁྲིདཔ་ ཞི་གཡོགཔ་ དེ་ལས་ མཁས་མཆོག་ཚུ་གིས་ སྲོག་རླུང་ཚུ་ ལེགས་ཤོམ་སྦེ་ སྲུང་སྐྱོབ་འབད་དོན་ལུ་ སྤྱི་མཐུན་གྱི་སྒོ་ལས་ ལཱ་འབད་ཡོདཔ་མ་ཚད་ བཙོག་རླུང་མར་ཕབ་འབད་ནིའི་ ལཱ་འབད་ཡོད་མི་ལུ་ ཐུགས་ངལ་རངས་བྱུང་ཡི་ཟེར་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་པའི་མི་སེར་དང་ སློབ་དཔོན་ ཞི་གཡོགཔ་ མཁས་མཆོག་ ལས་སྡེ་དང་ལས་འཛིན་ ཚོང་པ་ དེ་ལས་ སློབ་ཕྲུག་ཚུ་ལུ་ ལེགས་སོ་ཡོད་ཟེར་ གསུངས་ཡོདཔ་ད་ དེ་ཡང་ རང་སོའི་འགན་འཁྲི་དང་ འགན་དབང་ཚུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབག་སྟེ་ གྲོགས་རམ་དང་ རྒྱབ་སྐྱོར་འབད་མི་དེ་ ལེགས་ཤོམ་ཨིན་ཟེར་གསུངས་ཡི།
སྲོག་རླུང་དེ་གིས་ རང་བཞིན་མཐའ་འཁོར་གནས་སྟངས་ལུ་ ཕན་ཐོགས་ ག་དེ་ཅིག་ཡོདཔ་ཨིན་ན་དང་ གནམ་གཤིས་གནས་སྟངས་ འགྱུར་བ་འགྱོ་ནི་ལུ་ བཀག་འཛིན་འབད་དོ་ ཡོདཔ་ཨིན་ནའི་སྐོར་ལས་ ཤེས་དགོཔ་ཡོད་ཟེར་ མི་དབང་རྒྱལ་བཙུན་མཆོག་གིས་ གསུངས་གནང་ཡི།
དེ་དང་འདྲཝ་སྦེ་ རྒྱལ་ཁབ་ཀྱི་ ལྷན་ཁག་དང་ ལས་ཚོགས་ཚུ་གིས་ སྲོག་རླུང་ལུ་ གནོད་ཉེན་ཡོད་མི་ ནག་རྫས་དབུགས་རླངས་ཚུ་ མར་ཕབ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་ནི་ལུ་ ཁས་བླངས་ཞུ་ཡོདཔ་ད་ སྤྱི་ལོ་༡༩༨༩ ཟླ་༡ པའི་ཚེས་༡ ལུ་ འཛམ་གླིང་རྒྱལ་སྤྱི་རྒྱལ་ཁབ་ཚུ་ནང་ སྲོག་རླུང་ལེགས་ཤོམ་སྦེ་ བདག་འཛིན་དང་ སྲུང་སྐྱོབ་འབད་ནིའི་དོན་ལུ་ མཱོན་ཊཱལ་དཔྱད་གཞིའི་གུ་ མཚན་རྟགས་བཀོད་ཡོདཔ་ལས་ ཁ་ཙ་ ལོ་ངོ་༢༥ འཁོར་བའི་ རྗེས་དྲན་དུས་སྟོན་བརྩི་སྲུང་འབད་ཡི།
ལུང་ཕྱོགས་རྒྱལ་ཁབ་ཀྱི་ ལས་རིམ་འགོ་འདྲེན་པ་ ཡུ་ཨེན་ཨི་པིའི་འགོ་དཔོན་གོངམ་ ཨ་ཏཱུལ་ བཱ་གཱའི་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་སྤྱི་རྒྱལ་ཁབ་ཚུ་ནང་ སྲོག་རླུང་བདག་འཛིན་དང་ སྲུང་སྐྱོབ་འབད་ཡོད་མིའི་གྲས་ལས་ འབྲུག་རྒྱལ་ཁབ་འདི་ དཔེ་སྟོན་ས་དང་ ཆ་བཞག་བཏུབ་པའི་ འགན་འཁྲི་འབག་སྟེ་ ལཱ་འབད་མི་ཅིག་ ཨིན་ཟེར་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ སྲོག་རླུང་གི་ ཞབས་ཏོག་སྐུ་ཚབ་སྦེ་ ཕྱག་འགན་བཞེས་མི་དེ་གིས་ འབྲུག་པའི་མི་སེར་ལུ་ གོ་བ་བརྡ་སྤྲོད་དང་ ཡོན་ཏན་ཁྱབ་སྤེལ་ མཛད་ནི་གིས་མ་དོ་བར་ འཛམ་གླིང་རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་དེ་ སྔོ་ལྗང་དང་ལྡནམ་སྦེ་ བཞག་ནི་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ ཁོ་གིས་ ཞུ་ཡི།
ཁ་ཙ་ མི་དབང་རྒྱལ་བཙུན་མཆོག་གིས་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ ན་གཞོན་སློབ་ཕྲུག་ཚུ་ལུ་ སྲོག་རླུང་བདག་འཛིན་དང་ འཛིན་སྐྱོང་ག་དེ་སྦེ་ འཐབ་ནི་ཨིན་ནའི་སྐོར་ལས་ བཀའ་སློབ་ཚུ་ གནང་ཡོདཔ་མ་ཚད་ སྲོག་རླུང་ལེགས་ཤོམ་སྦེ་ བཞག་ཐབས་ལུ་ འདས་པའི་བདུན་ཕྲག་ཚུ་ནང་ཡང་ ཐིམ་ཕུའི་སློབ་གྲྭ་ཁག་ཚུ་ནང་ གཟིགས་སྐོར་ གནང་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:
Post a Comment