གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡོངས་གྲགས་ཅན་གྱི་ ཐིམ་ཕུའི་ཚེས་བཅུ་ཉིནམ་༢ པ།

༢༦/༩/༢༠༡༢   ༉ ཐིམ་ཕུ་ཚེས་བཅུའི་སྐབས་ལུ་ བྱིན་རླབས་ཅན་གྱི་ གར་འཆམ་གནང་སར་ དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ རང་གི་གྱོན་ཆས་ ལེགས་ཤོམ་ཚུ་གྱོན་ཏེ་ གཟབ་སྤྲོས་རྡིག་ཐོག་ལས་ རྟེན་འབྲེལ་ཐང་ནང་ ཁྲ་ཅནམ་ཅནམ་སྦེ་ འཛོམས་དོ་ཡོདཔ་མ་ཚད་ ཕྱི་རྒྱལ་ཁབ་ནང་ལ


རྟེན་འབྲེལ་ཐང་ནང་ ཕོ་ལེགས་མོ་ལེགས་ཀྱི་ གར་འཆམ་སྟོན་པའི་བསྒང་།
ཨམ་སྲུ་ཚུ་གིས་ གཟབ་སྤྲོས་རྡིག་ཐོག་ལས་ ཚེས་བཅུ་མཇལ་བར་འགྱོ་བའི་བསྒང་།
འབྲུགཔ་དང་ ཕྱི་མི་ཚུ་ ཚེས་བཅུ་མཇལ་བར་འགྱོ་བའི་བསྒང་།

དེ་ཡང་ ཁ་ཙ་ ཉིནམ་གཉིས་པའི་ནང་ དྲོ་པའི་ཆུ་ཚོད་༩ ལས་འགོ་བཙུགས་ ཉིན་མའི་ཆུ་ཚོད་༡ ཚུན་ ཝང་གཞས་དང་ ཞྭ་ནག་ཉེར་གཅིག་ ཞྭ་ནག་རྔ་འཆམ་ སྐྱེལ་འཆམ་ དེ་ལས་ ཕོ་ལེགས་མོ་ལེགས་དང་ རྒསཔ་རྒནམ་གི་ འཆམ་ཚུ་ མཇལ་ཁ་གནང་ཡོདཔ་ད་ ཉིན་མའི་གསོལཝ་གྲོལ་ཞིནམ་ལས་ དགྲ་མེད་རྩེ་རྔ་འཆམ་དང་ ཤཝ་ཤ་ཁྱི་ མཐའ་ལས་བཏོན་རྒྱུ་ཚུ་ ཐིམ་ཕུ་རྫོང་ཁག་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་སློབ་ཕྲུག་དང་ སྤུངས་ཐིམ་འཕགས་པའི་དགེ་འདུནམ་ཚུ་གིས་སྦེ་ མཇལ་ཁ་གནང་ཡི།
མི་མང་ལུ་ ཞྭ་ནག་གི་སྐུ་འཆམ་ མཇལ་ཁ་གནང་དགོ་མི་དེ་ སྤྱིར་བསྟན་པ་དང་ སེམས་ཅན་ཡོངས་ལུ་ གནོད་པའི་དགྲ་བགེགས་ཚུ་དང་ ཁྱད་པར་དུ་ ཡེ་ཤེས་ཀྱི་ ལྷ་སྒྲུབ་པའི་སྐབས་ བར་ཆད་རྐྱབ་མི་ དམ་སྲིད་འབྱུང་པོ་གདུག་པ་ཅན་ཚུ་བཏུལ་ཏེ་ ཆོས་ཀྱི་རྔ་ཆེན་བརྡུང་བའི་ དགའ་སྟོན་བརྩི་སྲུང་ཞུ་བའི་ ཚུལ་སྟོནམ་ཨིན་པས།
སྐྱེལ་འཆམ་དེ་ རྒྱལཔོ་ནོར་བཟང་ དམག་ལུ་བྱོན་པའི་སྐབས་ལུ་ སྐྱེལ་བ་འགྱོ་བའི་ཚུལ་ལུ་ ཨིནམ་མ་ཚད་ ཕོ་ལེགས་མོ་ལེགས་ཀྱི་འཆམ་དེ་གིས་ ལུང་ཕྱོགས་དེ་ཁར་ བུཚ་དང་བུམོ་ འཇའ་རིསམོ་ལེ་ཤ་འཐོན་ནི་དང་  རྒསཔ་དང་རྒནམོ་གི་འཆམ་དེ་གིས་ མི་ཚུ་ག་ར་ ཚེ་རིང་སྡོད་ནི་དང་ ཕོ་ལེགས་མོ་ལེགས་གཉིས་དང་ རྒསཔ་དང་རྒནམོ་ཚུ་ དགའ་གླུ་འཐེན་མི་ལུ་བརྟེན་ གཡུས་ཕྱོགས་འདི་ཁར་ དགའ་སྐྱིད་ཕུན་སུམ་ཚོགས་ནིའི་རྟེན་འབྲེལ་ཚུ་ ངམ་ངམ་ཤུགས་ཀྱིས་འབྱུང་ཚུགས་པའི་ ནུས་པ་སྦོམ་ཡོདཔ་ཨིན་པས།
དུས་རབས་༡༥ པའི་ནང་ མཁའ་འགྲོ་བུམ་གྱི་གཙོ་མོ་ ཨ་ནེ་མཆོད་རྟེན་བཟང་མོ་ཟེར་མི་འདི་ ཤར་ཕྱོགས་དགྲ་མེད་རྩེ་ལུ་ གདན་ས་བཅའ་གནང་ཡོདཔ་ད་ མོ་གི་ ནུ་གཅུང་ མཁས་གྲུབ་ཀུན་དགའ་རྒྱལ་མཚན་དེ་ གསང་སྔགས་ཀྱི་ཆོས་ལུ་ རང་དབང་ཐོབ་མི་ཅིག་ཨིནམ་ལས་ ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་ གུ་རུ་རིན་པོ་ཆེ་དང་ དངོས་སུ་ཞལ་མཇལ་བར་ འཕྲལ་འཕྲལ་སྦེ་རང་ བྱོན་ཡོདཔ་ཨིན་པས།
ཟངས་མདོག་དཔལ་རི་ལུ་ དཔའ་བོ་དང་ མཁའ་འགྲོ་མ་ཚུ་གིས་ ལྷ་ཞི་བ་དང་ ཁྲོ་བོའི་ གར་འཆམ་གྱི་ རྣམ་པ་སྦེ་ བྱོན་ཡོད་མི་ཚུ་ལུ་ གཞི་བཞག་སྟེ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ གར་འཆམ་འདི་ འཇིག་རྟེན་མི་གཡུས་ལུ་ སྟོན་གནང་དགོ་པའི་ བཀའ་གནངམ་བཞིན་དུ་ ལོག་གདན་ས་ལུ་ ཕེབས་ཞིནམ་ལས་ གར་འཆམ་དེ་ དབུ་འཛུགས་གནང་ཡོདཔ་ཨིན་པས།
གར་འཆམ་གནང་དགོ་མི་དེ་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེ་བའི་རིགས་ཚུ་ག་ར་ཞི་སྟེ་ བཀྲིས་གཡང་ཆགས་ ཕུན་སུམ་ཚོགས་པའི་དོན་ལུ་ ཨིན་ཟེར་ཨིན་པས།
ཕྱི་རྒྱལ་ཨེ་མི་རི་ཀ་ལས་ སྐྱེས་ལོ་༥༤ འབད་མི་ ལྟ་བཤལཔ་ཨམ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ས་ལྟེ་བ་ཐིམ་ཕུ་ཚེས་བཅུའི་དོན་ལུ་ ཟླ་ངོ་༣ གྱི་ཧེ་མ་ལས་ ནང་སྡོད་ཆོག་ཐམ་ཚུ་བཏོག་སྟེ་ འོང་མི་འདི་ འགོ་དང་པ་ཨིན་ཟེར་ཨིནམ་ད་ མོ་གིས་ ཚེས་བཅུའི་སྐོར་ལས་ ལོ་རྒྱུས་ཚུ་གོ་ནི་ཡོདཔ་ད་ དུས་ཅི་གོ་སྐབས་ཐོབ་ཅི་ཟེར་ཨིན་པས།

འཛམ་གླིང་རྒྱལ་ཁབ་ག་ཏེ་ཡང་ འདི་བཟུམ་གྱི་ ཚེས་བཅུའི་ལས་རིམ་ཚུ་ མ་མཐོང་ཟེར་ཨིནམ་ད་ འབྲུག་རྒྱལ་ཁབ་འདི་ ཆོས་དང་ལྡན་པའི་རྒྱལ་ཁབ་འབད་ནི་དེ་གིས་ སེམས་དགའ་ཏོག་ཏོ་ འདུག་ཟེར་ མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment