གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུམ་ཐོན་པའི་གཡུས་ཁར་ གེ་ཟའི་མཁོ་མངགས་འབད་མི་ ལེ་ཤ་ཐོན་དོ་ཡོདཔ།

༢༩/༩/༢༠༡༢   ༉ སྤུ་ན་ཁ་དེ་ ནུབ་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ འབྱ་འཚོ་སའི་ རྫོང་ཁག་སྦོམ་ཤོས་ཅིག་ཨིནམ་ལས་ གེ་ཟ་འཛུགས་སྐྱོང་གི་ ལཱ་འབད་མི་ ཉུང་ནི་དེ་གིས་ ད་རེས་ གེ་ཟ་ལུ་བརྟེན་སྡོད་མི་ གཅེས་ཐ་དང་ ཁོ་རའི་གནས་ཚང་ ཚེ་རིང་ལྷ་མོ་གིས་ གེ་ཟའི་ཚོང་སྒྱུར་འཐབ་སྟེ་ མི་ཚེ་དགའ་ཏོག་ཏོ་སྦེ་ སྐྱོང་ཚུགས་དོ་ཡོདཔ་ཨིན་པས།
གཅེས་ཐ་དང་ ཁོ་རའི་གནས་ཚང་ ཚེ་རིང་ལྷ་མོ།


ཁོང་བཟང་ཚང་དེ་ མོང་སྒར་སྐྱེངས་མཁར་ལས་ཨིན་རུང་ དཀར་སྦིས་ས་རྒེད་འོག་ བ་ལི་གཡུས་ཚན་ནང་ གཞི་བཅགས་ཏེ་ ལོ་༦ དེ་ཅིག་ལས་བརྒལ་ མ་སོང་རུང་ སྐམ་ཞིང་ཌེ་སི་མཱལ་༩༠ དེ་ཅིག་ནང་ གེ་ཟ་འཛུགས་སྐྱོང་འབད་དེ་ ལོ་བསྟར་བཞིན་དུ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་དོ་ཡོདཔ་མ་ཚད་ ཆུམ་ཡང་ ཀེ་ཇི་༡,༠༠༠ ལྷགཔ་ཅིག་ བསྡུ་ལེན་འབད་ཚུགས་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ ག་ཟའི་ལཱ་འབད་མི་ རེ་གཉིས་ལས་བརྒལ་མེདཔ་ལས་ གནམ་བྱཱར་དགུན་མེད་པར་ ཁོང་གི་ཁྱིམ་ནང་ གེ་ཟ་འཚོལ་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་པས།
གནམ་དགུན་གྱི་ དུས་ཚོད་ལུ་འབད་བ་ཅིན་ ག་ཟའི་སོན་འཚོལ་མི་ ལེ་ཤ་འོང་མི་དེ་ཡང་ ལྕང་ལཱ་རྐྱབ་པའི་སྐབས་ ཞིང་རྨོ་མི་ གླང་ཚུ་ལུ་ ཆག་བྱིན་ནིའི་དོན་ལུ་ཨིནམ་ད་ ཁོང་བཟའ་ཚང་གིས་ གེ་ཟ་བྲེ་གང་ལུ་ ཆུམ་བྲེ་གང་ ཐོབ་ནི་དེ་གིས་ ལོ་༡ ནང་ ཆུམ་བྲེ་༡,༠༠༠ ལྷགཔ་ཅིག་ བསྡུ་ལེན་འབད་ཚུགསཔ་ལས་ ཁོང་བཟང་ནང་མི་༨ ལང་ཚུགས་པས་ཟེར་ཨིན་པས།
ཁོང་ལུ་ ཆུ་ཞིང་གླང་དོ་༢ དེ་ཅིག་ཡོད་པའི་ཁར་ གཞན་གྱི་ཆུ་ཞིང་ནང་ཡང་ བགོ་བཤའི་ལཱ་ དུམ་གྲ་རེ་འབད་མི་དེ་གིས་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ སྐྱེས་ལོ་༤༧ ལང་མི་ ཚེ་རིང་ལྷ་མོ་གིས་འབད་བ་ཅིན་ གེ་ཟ་འཛུགས་སྐྱོང་འབད་ནི་ལུ་ ཤུགས་བཏོན་མི་དེ་ཡང་ ལཱ་དེ་ ལྕང་ལཱ་བཟུམ་ཅིག་ དཀའཝ་སྤྱད་མི་དགོ་པས་ཟེར་ཨིནམ་ད་ གེ་ཟའི་ལཱ་དེ་ གཡུར་མ་ཚར་གཅིག་ལས་བརྒལ་ རྐྱབ་མི་དགོ་དོ་ཡོདཔ་ཨིན་པས།
ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ རྒེད་འོག་གི་ མི་ཚུ་གིས་ གེ་ཟའི་ལཱ་ལུ་ སྤྲོ་བ་མེད་པའི་ཁར་ ལཱ་འབད་མ་ཤེས་ནི་དེ་གིས་ ད་ལྟོ་གེ་ཟ་དང་འབྲེལ་བའི་ ཚོང་སྒྱུར་ལེགས་ཤོམ་འགྱོ་དོ་ཟེར་ཨིནམ་ད་ ཁོང་༢ ལུ་ གེ་ཛའི་ལཱ་འབད་ནི་དེ་ ཧེ་མ་ལས་ ཉམས་མྱོང་ཡོད་ནི་དེ་གིས་ ལེགས་ཤོམ་སྦེ་ར་ འཛུགས་སྐྱོང་འབད་ཤེསཔ་ཨིན་པས།
གཅེས་ཐ་དེ་ ཧེ་མ་ བསྟན་སྲུང་དམག་སྡེ་ནང་ ལོ་མང་རབས་ཅིག་ ཕྱག་ཞུ་སྟེ་ སྡོད་པའི་ཤུལ་ལས་ དགོངས་ཞུ་འབད་དེ་ སྤུ་ན་ཁ་རྫོང་ཁག་ནང་ གཞི་ཆགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱེངས་མཁར་ལུ་ ཁོ་རའི་ སྐལཝ་བགོ་བཤའ་ཚུ་ཐོབ་རུང་ གནས་ཚང་གི་ཐད་ཁར་ ག་ནི་ཡང་ མ་ཐོབ་ནི་དེ་གིས་ སྤུ་ན་ཁ་ལུ་ གཞི་ཆགས་དགོཔ་བྱུང་ཡི་ཟེར་ཨིནམ་ད་ སྐྱེངས་མཁར་གཡུས་ཚན་ནང་འབད་བ་ཅིན་ བུམོ་གིས་ ཕམ་ཚུ་ལས་ སྐལཝ་བགོ་བཤའ་ཚུ་ འཐོབ་སྲོལ་མེད་ཟེར་ཨིན་པས།
ད་རེས་ ཁོང་༢ ལུ་ ས་ཞིང་ཨེ་ཀར་༢ ལྷགཔ་ཅིག་ཡོད་མིའི་ནང་ འབྲུ་སྣ་༩ དང་ ཚོད་བསྲེའི་རིགས་ག་ར་ འཚོ་དོ་ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment