གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་བཏོན་མི་ཚུ་གིས་ ནང་འདྲེན་དུམ་གྲ་ཅིག་ མར་བབས་སོང་ཡོདཔ།

༢༤/༩/༢༠༡༢   ༉ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ནང་འདྲེན་གྱི་རིགས་ལེ་ཤ་ཅིག་ར་ བཀག་ཆ་འབད་བའི་ཁར་ དངུལ་ཁང་ཚུ་ནང་ལས་ བསྐྱིན་འགྲུལ་ཚུ་ཡང་ བཀག་ཆ་འབད་དེ་ རུ་པིའི་ལག་ལེན་གྱི་ཚད་གཞི་ཚུ་ མར་ཕབ་འབད་མི་དེ་གིས་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ ནང་འདྲེན་གྱི་གནས་སྟངས་ནང་ མར་ཕབ་དུམ་གྲ་ཅིག་ གསལ་སྟོན་འབདཝ་ཨིན་པས།


བསྟན་རྒྱས་ལྷན་ཁག་གི་ གནས་སྡུད་ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་དང་པ་ལས་༨ པ་ཚུན་ དངུལ་ཀྲམ་དུང་ཕྱུར་༢༧ དེ་ཅིག་ ནང་འདྲེན་འཐབ་ཡོད་ས་ལས་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ནང་འདྲེན་དངུལ་ཀྲམ་དུང་ཕྱུར་༣.༣ དེ་ཅིག་གིས་འབད་ཡོད་མི་དང་ཕྱདཔ་ད་ སྤྱི་ཟླ་༨ པའི་ནང་ དངུལ་ཀྲམ་དུང་ཕྱུར་༣.༢ དེ་ཅིག་ལུ་ མར་བབས་སོང་ནུག་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ར་ རུ་པིའི་དཀའ་ངལ་སེལ་ཐབས་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ མཁོ་ཅན་དེ་ མཁོ་མེད་ཀྱི་ ཅ་དངོས་དབྱེ་བ་ཕྱེ་ཐོག་ལས་ ནང་འདྲེན་བཀག་ཆ་འབད་མི་དེ་གིས་ འདས་པའི་ལོ་ཚུ་ནང་ ནང་འདྲེན་འབད་མི་ ཅ་དངོས་ལ་ལུ་ དུས་ཅི་ ནང་འདྲེན་བཀག་ཆ་ལུ་བརྟེན་ མར་བབས་སོང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
དེ་ཡང་ དཔེར་ན་ སྣུམ་འཁོར་ནང་འདྲེན་དང་ སྣུམ་འཁོར་གྱི་ ཅ་ཆས་ཀྱི་རིགས་ནང་འདྲེན་དེ་ སྤྱི་ཟླ་དང་པའི་ནང་ དངུལ་ཀྲམ་ས་ཡ་༤༢༨ དེ་ཅིག་ ནང་འདྲེན་འཐབ་ཡོད་མི་དེ་ སྤྱི་ཟླ་༨ པའི་ནང་ སྣུམ་འཁོར་དང་འབྲེལ་བའི་ ནང་འདྲེན་དེ་ དངུལ་ཀྲམ་ས་ཡ་༩༣ ལུ་ མར་བབས་སོང་ཡོད་པའི་ གསལ་བཀོད་འབད་ནུག།
དེ་བཟུམ་སྦེ་ ཆང་གི་རིགས་ལས་ བི་ཡར་གྱི་ནང་འདྲེན་དེ་ སྤྱི་ཟླ་དང་པའི་ནང་ དངུལ་ཀྲམ་ས་ཡ་༡༧.༧ གྱི་ ནང་འདྲེན་འཐབ་ཡོད་ས་ལས་ སྤྱི་ཟླ་༨ པའི་ནང་ ནང་འདྲེན་འཐབ་ཡོད་པའི་ གནས་སྡུད་མེད་པའི་ཁར་ ཁྲོམ་ཁར་འབད་རུང་ ཕྱི་ཁའི་བི་ཡར་ ཧིཊི་དང་ ཕཱོསི་ཊར་ཟེར་མི་ཚུ་ ཆང་ཁང་དང་ བཟའ་ཁང་ཚུ་ནང་ ད་རེས་ འཐོབ་ནི་མེདཔ་ཨིན་པས།
ནང་འདྲེན་གྱི་གནས་སྟངས་ནང་ ཡར་སེང་ཡོད་རུང་མེད་རུང་ ས་སྣུམ་དང་འབྲེལ་བའི་ ནང་འདྲེན་ནང་ སྤྱི་ཟླ་དང་པའི་ནང་ ནང་འདྲེན་དངུལ་ས་ཡ་༥༡༠ འབད་ཡོད་ས་ལས་ སྤྱི་ཟླ་༨ པའི་ནང་ དངུལ་ཀྲམ་ས་ཡ་༥༦༥ ལུ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ས་སྣུམ་དེ་ དཔལ་འབྱོར་གྱི་དོན་ལུ་ བཟོ་སྐྲུན་དང་ སོ་ནམ་གྱི་ལཱ་ ག་ཅིའི་ནང་ཡང་ ལག་ལེན་ཆེ་དྲགས་ཡོད་ནི་དེ་གིས་ ཨིན་མས་ཟེར་ དཔལ་འབྱོར་མཁས་མཆོག་ཚུ་གིས་ བཤདཔ་ཨིན་པས།
དེ་མིན་གྱི་ གཞན་ཅ་རྣམ་གྱི་རིགས་ དཔེར་ན་ ཆུམ་དང་ གོ་ལ་ འཕྲུལ་ཆས་དང་ བཟོ་སྐྲུན་རྒྱུ་ཆས་ དེ་ལས་ ཁྱིམ་གྱི་ནང་ཆས་ཚུ་ ནང་འདྲེན་གྱི་གནས་སྟངས་དེ་ མར་བབས་སོང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
དེ་ཡང་ སྤྱི་ཟླ་དང་པའི་ནང་ ཆུམ་ནང་འདྲེན་དངུལ་ཀྲམ་ས་ཡ་༨༣ གྱིས་འབད་ཡོད་མི་དེ་ འདས་པའི་ཟླཝ་༨ པའི་ནང་ མ་དངུལ་ས་ཡ་༣༧ དང་ ཁྱིམ་གྱི་ནང་ཆས་ཚུ་ སྤྱི་ཟླ་དང་པའི་ནང་ ནང་འདྲེན་མ་དངུལ་ས་ཡ་༧.༥ གྱིས་འབད་ཡོད་མི་དེ་ སྤྱི་ཟླ་༨ པའི་ནང་ མ་དངུལ་ས་ཡ་༧ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
བཟོ་གྲྭའི་རྒྱུ་ཆས་ཚུ་ཡང་ དུས་ཅི་ ལོ་འགོ་བཙུགས་ཀྱི་ཟླཝ་ནང་ དངུལ་ཀྲམ་ས་ཡ་༧༠༧.༦ དེ་ཅིག་ ནང་འདྲེན་འཐབ་ཡོད་རུང་ སྤྱི་ཟླ་༨ པའི་ནང་ རྒྱུ་ཆས་དེ་ཚུ་གི་ནང་འདྲེན་དེ་ དངུལ་ཀྲམ་ས་ཡ་༤༡༨ ལུ་མར་བབས་སོང་ཡོདཔ་ད་ གོ་ལའི་རིགས་ནང་འདྲེན་ནང་ཡང་ སྤྱི་ཟླ་དང་པའི་ནང་ དངུལ་ཀྲམ་ས་ཡ་༤༢༨ ཀྱི་ གོ་ལ་ཚུ་ནང་འདྲེན་འབད་ཡོད་མི་དེ་ སྤྱི་ཟླ་༨ པའི་ནང་ དངུལ་ཀྲམ་ས་ཡ་༩༣ གྱི་ནང་འདྲེན་ལུ་ མར་བབས་སོང་ནུག།
འཕྲུལ་ཆས་གྱི་ནང་འདྲེན་དེ་ ཟླཝ་དང་པའི་ནང་ དངུལ་ཀྲམ་ས་ཡ་༢༣༨ འབད་ཡོད་ས་ལས་ སྤྱི་ཟླ་༨ པའི་ནང་ དངུལ་ཀྲམ་ས་ཡ་༢༠༨ ཀྱི་ནང་འདྲེན་ལུ་ མར་བབས་སོང་ཡོདཔ་ད་ མི་མང་ལ་ལུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ནང་འདྲེན་བཀག་འཛིན་འབད་ཚུགས་མི་དེ་ གྲུབ་འབྲས་ལེགས་ཤོམ་ཨིན་རུང་ གཅིག་ལས་འབད་བ་ཅིན་ དཔལ་འབྱོར་ལུ་ དཀའ་ངལ་ཅིག་ ཡོད་དོ་བཟུམ་སྦེ་ཡང་ ཚོརཝ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment