གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་ཚུ་ ག་ཐོབ་བཙོང་མི་ལུ་ ཚོད་བསྲེ་ཚོང་པ་ཚུ་ལས་ཉོགས་བཤད།

༢༩/༩/༢༠༡༢   ༉ ད་རིས་བཟུམ་མའི་ དུས་ཚོད་ནང་ འབྲུག་ལུ་ ཚོད་བསྲེའི་ཚོང་འབྲེལ་ ལེགས་ཤོམ་སྦེ་ འཐབ་ཚུགསཔ་ཨིན་རུང་ ཁྲོམ་གྱི་ཕྱི་ཁ་ལས་ཕར་ ཚོད་བསྲེ་ཚུ་ ག་ཐོབ་སྦེ་བཙོང་མི་ ལེ་ཤ་ཐོན་མི་ལུ་བརྟེན་ ཕུན་ཚོགས་གླིང་གི་ ཚོད་བསྲེ་ཚོང་འབྲེལ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ ཚོད་བསྲེ་ཚོང་པ་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཚོད་བསྲེ་བཙོང་མི་ཚུ་ ཚོད་བསྲེ་ཉོ་མི་མེད་པར་ བསྒུགས་སྡོད་པའི་མཐོང་སྣང།


ཚོད་བསྲེ་ཚོང་པ་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཁྲོམ་གྱི་ཕྱི་ཁ་ལས་ཕར་ ཆོག་ཐམ་མེད་པར་ ཚོད་བསྲེ་བཙོང་མི་ ལེ་ཤ་ཐོན་ཡོདཔ་ལས་ ཚོད་བསྲེ་ཁྲོམ་ཁར་ ཚོང་མགྲོན་པའི་ གྱངས་ཁ་མར་བབས་སོང་སྟེ་ ཟླཝ་༢ དེ་ཅིག་ ལང་སོ་ཡི་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་ཚུ་གིས་ ཉོགས་བཤད་བཀོད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཚོད་བསྲེ་བཙོང་མི་ གཞན་ཚུ་གི་དོན་ལུ་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ ས་ཁོངས་ཅིག་ སྒོ་ཕྱེ་དགོ་པའི་སྐོར་ལས་ ཁྲོམ་སྡེ་ལུ་ ཚར་ལེ་ཤ་སླབ་ཡོདཔ་ཨིན་རུང་ ག་གིས་ཡང་ ཉན་མ་བཏུབ་ཟེར་ཨིནམ་ད་ འདས་པའི་བདུན་ཕྲག་ནང་ ཚོང་པ་ཚུ་གིས་ ཕུན་ཚོགས་གླིང་གི་ ཁྲོམ་དཔོན་ལུ་ ཞུ་ཡིག་ཅིག་ བཙུགས་ཅི་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ མི་མང་སྐྱེལ་འདྲེན་བཱསི་བཞག་ས་དང་ ཨ་མོ་ཆུའི་ཉེ་འདབས་ལུ་ཡོད་མི་ ཚོད་བསྲེ་ཁྲོམ་གྱི་ ཚོང་པ་ཚུ་གིས་ ད་རེས་ནངས་པ་ ཚོད་བསྲེ་ཁྲོམ་གྱི་ཕྱི་ཁར་ ཚོད་བསྲེ་བཙོང་མི་ མང་ཤོས་ར་ ཐིམ་ཕུ་དང་ སྤ་རོ་ དེ་ལས་ ཆུ་ཁའི་མི་སེར་ཚུ་ཨིན་པས་ཟེར་ སླབ་ཨིན་པས།
དེ་ཡང་ མི་སེར་ཚུ་གིས་ རང་སོའི་ཞིང་ནང་ལས་ ཚོད་བསྲེ་ཚུ་བཏོགས་ཏེ་ ཕུན་ཚོགས་གླིང་ལུ་བཙོང་པར་ འབག་འོང་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཚོད་བསྲེ་ཚོགས་པ་གིས་ བཤད་མིའི་ནང་ ས་གནས་གཞན་ཁ་ལས་ ཚོད་བསྲེ་བཙོང་པར་ འབག་འོང་མི་ཚུ་ ཁོང་ར་གིས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ག་ལྷོད་སྦེ་ བཙོང་ནི་མེན་པར་ ཚོང་འབྲེལ་ཆོག་ཐམ་འཆང་ཐོག་ལས་ ཚོད་བསྲེ་བཙོང་མི་ཚུ་ལུ་ བཙོང་དགོཔ་ཨིན་ཟེར་ཨིན་པས།
ཚོད་བསྲེ་ཚོགས་པའི་འཐུས་མི་ ཨོ་རྒྱན་སྒྲོལ་མ་གིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ ཚོད་བསྲེ་ཚུ་ རེ་ཚེ་སྐབས་ ཚོད་བསྲེ་ཚོང་པ་ཚུ་ལུ་ བཙོངམ་ཨིན་རུང་ ཁོང་ར་གིས་ཡང་ ཐད་ཀར་དུ་ བཙོང་དོ་ཡོདཔ་ལས་ ཚོང་མགྲོན་པ་མང་ཤོས་ཅིག་གིས་ ཁོང་ལས་ ཚོད་བསྲེ་ཉོ་འབག་འགྱོཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ ཁོང་རའི་ཞིང་ནང་ལས་ བཏོག་འབག་འོང་མི་ལུ་བརྟེན་ གོང་ཚད་མར་ཕབ་ཐོག་ བཙོང་དོ་ཡོདཔ་ལས་ མི་ཚུ་གིས་ ཁོང་ལས་ར་ ཉོ་འབགཔ་མས་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ཚོད་བསྲེ་ཚོང་པ་ཚུ་གིས་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ རེ་སྦེ་ བཙོང་པ་ཅིན་ མི་སེར་ཚུ་གིས་ དངུལ་ཀྲམ་༣༠ རེ་སྦེ་ བཙོངམ་མས་ཟེར་ སླབ་ཨིན་པས།
ཚོད་བསྲེ་ཚོང་པ་ ཊི་ཀ་མ་ཡ་ ག་ལེ་གིས་འབད་བ་ཅིན་ མོ་བཟུམ་མའི་ ཚོད་བསྲེ་ཚོང་པ་ཚུ་གིས་ ཆོག་ཐམ་གྱི་ཁྲལ་ དངུལ་ཀྲམ་༡,༥༠༠ རེ་དང་ གཞན་ཡང་ ཚོང་ཁང་དང་ འཕྱག་བརྡར་རྐྱབ་མི་ཚུ་གི་དོན་ལུ་ གླ་འཐུས་སྤྲོད་དགོཔ་ལས་ ཚོང་འབྲེལ་ལེགས་ཤོམ་ མ་འགྱོ་བའི་བསྒང་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོང་གིས་ ཚོང་བཙོང་བའི་སྐབས་ལུ་ ས་ཁོངས་དེ་ ཁམས་ལོག་སི་སི་བཟོ་བཞག་སྟེ་ ཁྱིམ་ནང་ལོག་འགྱོ་དོ་ཡོདཔ་མ་ཚད་ དུས་ཅི་ ཁྲོམ་གྱི་ཕྱི་ཁ་ལས་ཕར་ ཚོད་བསྲེ་བཙོང་མིའི་གྱངས་ཁ་ཡང་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཚོང་ཁང་གི་ཁང་གླ་དང་ ཁྲལ་ཚུ་ ཚོད་བསྲེ་ཚོང་པ་ཚུ་གིས་བཏབ་སྟེ་ ཁེ་སང་ཚུ་ མི་སེར་གཞན་ཚུ་གིས་ བཟོ་འབག་ནི་དེ་ དྲང་བདེན་ཅིག་ མི་མཐོང་པས་ཟེར་ ཊི་ཀ་མ་ཡ་གིས་ སླབ་ཨིན་པས།
ཕུན་ཚོགས་གླིང་གི་ ཚོད་བསྲེ་ཚོང་པ་ཚུ་གིས་ ཚོད་བསྲེ་ཚུ་ མི་སེར་ཚུ་ལས་ ཉོ་སྟེ་ བཙོང་དོ་ཡོདཔ་ཨིན་རུང་ སོ་ནམ་པ་ལེ་ཤ་ཅིག་གིས་ ག་ཐོབ་སྦེ་བཙོང་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཚོང་འབྲེལ་ཆོག་ཐམ་འཆང་མི་ཚུ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་༣,༠༠༠ ཡང་ ཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་ཚུ་གིས་ ཉིནམ་ཅིག་ལུ་ ཨེ་མ་ཕད་ཙེ་༢ ཉོ་བ་ཅིན་ བཙོང་ནིའི་དོན་ལུ་ ཉིནམ་༣ དེ་རེ་ འགོར་ཡོདཔ་ལས་ འཕྲལ་འཕྲལ་ར་ རུལ་ཁམས་ཐལ་ཏེ་ བཀོག་དགོཔ་ཡང་ ཐོནམ་མས་ཟེར་ཨིན་པས།
སྐྱེས་ལོ་༥༠ ལང་མི་ ཚོད་བསྲེ་ཚོང་པ་ དིལ་མ་ཡ་གིས་འབད་བ་ཅིན་ ཆརཔ་རྐྱབ་པའི་སྐབས་ལུ་དང་ ཁྱིམ་ནང་ ཚ་ངེར་བཏོན་ཏེ་ འགྱོ་དགོཔ་ཐོནམ་ད་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་གོང་ཚད་ཚུ་ ཧེང་བཀལ་ར་ མར་ཕབ་ཐོག་ བཙོངམ་མས་ཟེར་ཨིན་པས།
ཁོང་གིས་ དེ་བཟུམ་མའི་ ཚོད་བསྲེ་བཙོང་མ་ཆོགཔ་བཟོ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ ཁྲོམ་དཔོན་ལུ་ ཡི་གུ་བཙུགས་ཡོདཔ་ཨིན་རུང་ ངོས་ལེན་ཅིག་ ག་ཅི་ཡང་ མ་ཐོབ་ཟེར་ཨིན་པས།
ཁྲོམ་དཔོན་ཚེ་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོང་པ་ཚུ་ལས་ ཡི་གུ་ཐོབ་པའི་ཤུལ་ལུ་ ཁོ་གིས་ མི་སེར་ཚུ་ལུ་ ཆོག་ཐམ་མེད་པ་ཅིན་ ཚོད་བསྲེ་ག་ཐོབ་སྦེ་ བཙོང་མི་ཆོག་ཟེར་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་རང་བཞིན་གནས་སྟངས་འགོ་འཛིན་ འཇིགས་མེད་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁྲོམ་གྱི་ས་ཁོངས་ ཁམས་ལོག་སི་སི་ བཟོ་མིའི་ཐད་ལུ་ལྷོདཔ་ད་ ཁྲོམ་སྡེ་ལྟ་རྟོག་པ་ཚུ་གིས་ དབྱེ་ཞིབ་ལེགས་ཤོམ་སྦེ་ འབད་ཞིནམ་ལས་ ཉེས་བྱ་ཚུ་ བཀལ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment