གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་༩ གིས་ སློབ་ཕྲུག་ ༣ ལུ་ བརྡུང་རྫོབ།

༡༤/༩/༢༠༡༢    ༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༩ གིས་ ཨོ་རོང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་༣ ལུ་ བརྡུང་རྫོབ་འབད་མི་ལུ་བརྟེན་ རྒུད་འཐུས་དངུལ་ཀྲམ་༣,༠༠༠ སྤྲོད་ཡོདཔ་ཨིན་པས།


གནོད་སྐྱོན་གྱི་ གནས་སྟངས་དང་འཁྲིལ་ སློབ་ཕྲུག་༢ ལུ་ རྒུད་འཐུས་དངུལ་ཀྲམ་༨༠༠ རེ་དང་ སློབ་ཕྲུག་གཞན་མི་དེ་ལུ་ རྒུད་འཐུས་དངུལ་ཀྲམ་༡,༤༠༠ བཀལ་ཡི་ཟེར་ ཨོ་རོང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་ཚུ་གིས་ སླབ་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༦ གི་ནུབ་མོ་ ཆུ་ཚོད་༡༠ དེ་ཅིག་ལུ་ སྐྱེས་ལོ་༡༧ ལས་༢༠ གི་ བར་ན་འབད་མི་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༩ གིས་ འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་ཚུ་གི་ ཞག་ཉལ་སའི་ ཁྱིམ་ནང་འཛུལ་ཏེ་ འཐབ་འཛིང་འབད་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
འཐབ་འཛིང་འབད་དགོ་པའི་ གནད་དོན་དེ་ཡང་ རྐྱེན་ངན་མ་བྱུང་བའི་ ཉིནམ་༢ དེ་ཅིག་གི་ཧེ་མར་ ཉམས་རྒུདཔ་སློབ་ཕྲུག་༣ གྱིས་ ད་རེས་ཁམས་ གསར་བསྒྲུབས་འབད་མི་ ཨོ་རོང་འབྲིང་རིམ་སློབ་གྲྭ་འོག་མའི་ གསང་སྤྱོད་ནང་གི་ཅ་ཆས་ཚུ་ བཅག་དཀྲུམས་འབད་མི་སློབ་ཕྲུག་༤ གི་མིང་ཚུ་ སློབ་གྲྭའི་དབུ་འཛིན་ལུ་ སྤྲོད་མི་ལུ་བརྟེན་ཏེ་བྱུང་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ཀྱི་མིང་ཚུ་ དབུ་འཛིན་ལུ་སྤྲོད་ཡོད་པའི་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ སློབ་ཕྲུག་༤ གིས་ ཁོང་རའི་ ཕོ་རྒནམ་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༩ འབོ་ཞིནམ་ལས་ ཁོང་ཆ་ཁྱབ་ཀྱིས་ ཉལ་ཁང་ནང་འཛུལ་བའི་ཤུལ་ལུ་ ཉམས་རྒུདཔ་བུཚ་༣ ཕྱི་ཁར་འབོ་སྟེ་ ལྡན་ལྕག་གིས་དྲངས་ནུག་ཟེར་ ཨོ་རོང་འབྲིང་རིམ་སློབ་གྲྭ་འོག་མའི་དབུ་འཛིན་ པདྨ་རིག་འཛིན་གྱིས་ སླབ་ཨིན་པས།
ཉམས་རྒུདཔ་སློབ་ཕྲུག་ཅིག་གི་ ཕོ་རྒནམ་གིས་ སླབ་མིའི་ནང་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་གིས་ འཁརཝ་ཚུ་འབག་སྟེ་འོང་ནུག་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ སློབ་གྲྭའི་ཉལ་ཁང་ནང་ བརྡུང་རྫོབ་འབད་ནུག་ཟེར་ཨིན་པས།
ཨིན་རུང་ རྐྱེན་ངན་དེ་གི་སྐོར་ལས་ སློབ་གྲྭའི་དབང་འཛིན་ཚུ་ལུ་ ཉིནམ་༢ ཀྱི་རྒྱབ་ལས་མ་གཏོགས་ སྙན་ཞུ་མ་འབདཝ་ད་ དབུ་འཛིན་གྱིས་ དེ་འཕྲོ་ལས་ ཉམས་རྒུདཔ་སློབ་ཕྲུག་གི་ ཕམ་ཚུ་དང་འབྲེལ་བ་འཐབ་ནི་ལུ་ དཔའ་བཅམ་པའི་སྐབས་ ཕམ་ཅིག་རྐྱངམ་གཅིག་ལས་བརྒལ་ འབྲེལ་བ་འཐབ་མ་ཚུགསཔ་ད་ ཕམ་ཚུ་གིས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་སྡོད་མི་ཨིནམ་ལས་ ག་ཅི་ར་འབད་རུང་ དབུ་འཛིན་གྱིས་ འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་དང་འཁྲིལ་ བརྡུང་རྫོབ་འབད་མི་ སློབ་ཕྲུག་༩ དང་ ཁོང་འབོ་མི་ སློབ་ཕྲུག་༤ གི་ ཕམ་ཚུ་འབོ་ཞིནམ་ལས་ སློབ་གྲྭའི་དབང་འཛིན་དང་ ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་རུང་ ཉམས་རྒུདཔ་སློབ་ཕྲུག་ཚུ་གི་ ཕམ་ག་ཡང་ འོང་མ་བཏུབ་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
དེ་བསྒང་ སློབ་ཕྲུག་ཚུ་གི་ ཕམ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མ་གནང་ཟེར་ སླབ་ཡོདཔ་ད་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་ཡང་ སྤྲོད་ཡོདཔ་ཨིན་པས།
པདྨ་རིག་འཛིན་གྱིས་ སླབ་མིའི་ནང་ རྐྱེན་ངན་དེ་ ཚབས་ཆེན་ཅིག་ ག་ཅི་ཡང་ མེན་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་ལུ་ཡང་ སྙན་ཞུ་མ་འབད་བར་ ནང་འགྲིག་འབད་བཞག་ཅི་ཟེར་ཨིན་པས།
དེ་དང་འཁྲིལ་ ཉམས་རྒུདཔ་སློབ་ཕྲུག་༣ དང་ གཞན་མི་སློབ་ཕྲུག་༤ འབད་མི་ཚུ་ བདུན་ཕྲག་༡ གི་རིང་ སློབ་ཁང་ནང་ འགྱོ་མ་བཅུག་པར་ བཞག་ཡོདཔ་ཨིན་རུང་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༩ ལུ་ ངོས་ལེན་ག་ཅི་ཡང་ མ་འབདཝ་ཨིན་པས།
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ ཉི་མ་དབང་ཕྱུག་གིས་ སླབ་མིའི་ནང་ རྐྱེན་ངན་དེ་ སློབ་གྲྭའི་དུས་ཚོད་ མཇུག་བསྡུ་བའི་ཤུལ་ལས་དང་ སློབ་གྲྭའི་ས་ཁོངས་ཀྱི་ ཕྱི་ཁར་བྱུང་མི་ལུ་བརྟེན་ དེ་ལུ་ ངོས་ལེན་འབད་ཐབས་མེད་ཟེར་ཨིནམ་ད་ ནང་སྡོད་སློབ་ཕྲུག་མེན་མི་ཚུ་ སློབ་གྲྭ་ནང་ལས་ གཏང་ཞིནམ་ལས་ བདག་འཛིན་འཐབ་དགོཔ་དེ་ ཕམ་ཚུ་གི་ འགན་ཁུར་ཨིན་ཟེར་ཨིན་པས།
ཉམས་རྒུདཔ་སློབ་ཕྲུག་ཅིག་གི་ ཕོ་རྒནམ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཁོ་ལུ་ ག་ཅི་ཡང་མ་སླབ་པར་ ཁོང་རང་གིས་སྦེ་ གྲོས་ཐག་བཅད་ནུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment