གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ ཐོབ་ལམ་ཚུ་ བློས་གཏང་དགོཔ།

༢༤/༩/༢༠༡༢   ༉ བཙག་འཐུ་ལྷན་ཚོགས་ཀྱི་ དགོངས་དོན་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཤུལ་མའི་ ཚོགས་སྡེའི་བཙག་འཐུ་ནང་ གྲལ་གཏོགས་འབད་ནིའི་དོན་ལུ་ ད་རེས་ དགོངས་ཞུ་འབད་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མིའི་ ཐོབ་དབང་དང་འབྲེལ་བའི་ ཁེ་ཕན་ཚུ་ བློས་གཏང་དགོཔ་ཨིན་པས།
དེ་ཡང་ ཚོགས་སྡེའི་འཐུས་མི་ཚུ་གིས་ གནས་ཡུན་ལོ་༥ མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ ག་ནི་ཡང་ མི་འཐོབ་ནི་ཨིན་པས།



འཕྲལ་ཁམས་ཀྱི་ གནས་སྟངས་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ སང་ཕོད་ སྤྱི་ཟླ་དང་པའི་ནང་ལས་ འགོ་འདྲེན་འཐབ་ནི་གི་ འོས་འབབ་ཡོདཔ་ད་ དེ་ཡང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེ་གི་གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༤ པའི་ནང་ ཚང་ནི་ཨིན་པའི་གུ་ གཞི་བཞག་སྟེ་ཨིན་པས།
ཚོགས་སྡེའི་བཙག་འཐུ་དེ་ སྤྱི་ཟླ་༤ པའི་ནང་ འགོ་འདྲེན་འཐབ་སྟེ་ ཚོགས་སྡེ་གསརཔ་ གཞི་བཙུགས་འབད་དགོཔ་ཨིན་པ་ཅིན་ ཤུལ་མའི་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་ཡོད་མི་ འཐུས་མི་ཚུ་གིས་ སང་ཕོད་ སྤྱི་ཟླ་དང་པའི་ནང་ལས་ དགོངས་ཞུ་འབད་དགོཔ་ཨིནམ་ད་ དགོངས་ཞུ་འབད་བ་ཅིན་ འཐུས་མི་རེ་གིས་ དགོངས་ཞུའི་ཐོབ་ལམ་ དངུལ་ཀྲམ་༦༠༠,༠༠༠ དེ་ཅིག་ བློས་གཏང་དགོཔ་ཨིན་པས།
སྤྱི་ཚོགས་ཀྱི་འཐུས་མིའི་ ཐོབ་དབང་བཅའ་ཁྲིམས་ནང་ དགོངས་ཞུའི་ཐོབ་ལམ་དེ་ གནས་ཡུན་ཚང་ན་མ་གཏོགས་ མ་ཚང་པ་ཅིན་ འཐོབ་ནི་གི་ འོས་འབབ་མེད་ཟེར་ བཀོད་ཡོདཔ་ཨིན་པས།
དགོངས་ཞུའི་ཐོབ་ལམ་དེ་ཡང་ ད་ལྟོ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༥༢,༤༠༠ ལྷགཔ་ཅིག་ཡོད་མིའི་གུ་ གཞི་བཞག་སྟེ་ དགོངས་ཞུའི་ཐོབ་ལམ་དངུལ་ཀྲམ་༣༩༠,༠༠༠ ལྷགཔ་ཅིག་ འོང་ནི་ཨིན་པས།
བཅའ་ཁྲིམས་ནང་ སྤྱི་ཚོགས་འཐུས་མི་ཚུ་གིས་ སྣུམ་འཁོར་མཁོ་སྒྲུབ་ཀྱི་དོན་ལུ་ མ་དངུལ་ལྷན་ཐབས་འཐོབ་ནི་ཨིན་པའི་ཁར་ དེད་གཡོགཔ་དང་ སྣུམ་འཁོར་ལེགས་བཅོས་ཀྱི་འཐུས་ཚུ་ཡང་ འཐོབ་ཟེར་བཀོད་ཡོདཔ་ཨིན་པས།
དེ་འབདཝ་ད་ འཐུས་མི་ཚུ་གིས་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུ་འབད་བའི་ཤུ་ལས་ གནས་ཡུན་ཚང་ནི་གི་ ལྷག་ལུས་ཉིན་གྲངས་དང་བསྟུན་པའི་ འཐུས་དང་ལྷན་ཐབས་མ་དངུལ་ཚུ་ཡང་ ལོག་གཞུང་ལུ་ ཕུལ་དགོ་ཟེར་ཨིན་པས།
འགོ་ཐོག་ འཐུས་མི་ཚུ་གིས་ སྣུམ་འཁོར་མཁོ་སྒྲུབ་དོན་ལུ་ དངུལ་ཀྲམ་༧༠༠,༠༠༠ དེ་ཅིག་ ཐོབ་ཡོདཔ་ད་ སང་ཕོད་སྤྱི་ཟླ་དང་པའི་ནང་ དགོངས་ཞུ་འབད་བ་ཅིན་ འཐུས་མི་ཚུ་གིས་ དངུལ་ཀྲམ་༣༥,༠༠༠ དེ་ཅིག་ ལོག་གཞུང་ལུ་ ཕུལ་དགོ་ནི་ཨིན་པས།
དེ་བཟུམ་སྦེ་ ཟླཝ་༣ གྱི་ཧེ་མར་ དགོངས་ཞུ་འབད་བའི་བསྒང་ལས་ ཟླཝ་༣ གྱི་ དངུལ་ཕོགས་ཡོངས་བསྡོམས་ དངུལ་ཀྲམ་༡༥༧,༠༠༠ དེ་ཅིག་ བློས་གཏང་དགོ་ནི་ཨིནམ་ད་ དེ་ཚུ་ག་ར་ མཉམ་བསྡོམས་འབད་བའི་བསྒང་ལས་ དགོངས་ཞུ་འབད་མི་ འཐུས་མི་ཅིག་གིས་ དངུལ་ཀྲམས་༦༠༠,༠༠༠ དེ་ཅིག་ བློས་གཏང་དགོཔ་འཐོན་ནི་ཨིན་པས།
གལ་སྲིད་ ཚོགས་སྡེའི་ཁྲི་འཛིན་དང་ ཁྲི་འཛིན་འོགམ་གིས་ དགོངས་གཞུ་འབད་བ་ཅིན་ མ་དངུལ་ཡོངས་བསྡོམས་ དེ་ལས་ལྷག་སྟེ་ བློས་གཏང་དགོཔ་འཐོན་ནི་ཨིན་པས།
ཚོགས་སྡེའི་འཐུས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ བློས་གཏང་དགོ་པའི་ ཁེ་ཕན་ཅན་གྱི་ཐོབ་ལམ་དེ་ འབོར་ཆེ་ཏོག་ཏོ་ཡོདཔ་ལས་ ད་ལྟོའི་འཐུས་མི་ཚུ་གིས་ དགོངས་ཞུ་འབད་དེ་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ སེམས་ཤུགས་མེདཔ་བཟོ་ནིའི་ འོས་འབབ་ཡང་འདུག་ཟེར་ཨིན་པས།
འདས་པའི་ཟླཝ་ཚུ་ནང་ འཐུས་མི་མང་ཤོས་ཅིག་གིས་ དགོངས་ཞུ་འབད་དེ་ ཤུལ་མའི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ འོས་འབབ་མཐོང་ཡོདཔ་ཨིན་རུང་ ཁེ་ཕན་ཅན་གྱི་ ཐོབ་ལམ་ཚུ་ བློས་གཏང་དགོཔ་ལས་ དགོངས་ཞུ་འབད་ནིའི་ དང་འདོད་ཡོད་མི་ཚུ་གིས་ མནོ་བསམ་ཐེབས་ཅིག་སྦེ་ར་ གཏང་དགོཔ་ཨིན་པས།
དེ་དང་འབྲེལ་ ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ ཁྲིམས་གཞུང་ནང་ར་ ཚོགས་སྡེའི་ནང་ འཐུས་མི་གསརཔ་ཚུ་ གཞི་བཙུགས་འབད་དེ་ འཐུས་མི་རྙིངམ་ཚུ་ འབྲེལ་གཏོགས་འབད་ནི་གི་ གོ་སྐབས་དེ་ དཀའ་ངལ་ཅན་ཅིག་སྦེ་ བཟོ་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་ཡང་ རྩ་ཁྲིམས་ཆེན་མོ་ནང་ ཚོགས་སྡེའི་འཐུས་མི་ཚུ་གིས་ གནས་ཡུན་ལོ་༥ ཚང་དགོཔ་སྦེ་ ཁ་གསལ་ཚུད་ཡོདཔ་ལས་ དེ་ནང་ གོ་བ་ཁ་གསལ་མེད་པའི་ གནད་དོན་ཅིག་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཚོགས་སྡེའི་འཐུས་མི་ཚུ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ཁྲིམས་གཞུང་ཚུ་ནང་ ཚོགས་སྡེའི་འཐུས་མི་ཚུ་གིས་ ཤུལ་མའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་དགོ་ཟེར་བའི་ དོན་ཚན་ལོགས་སུ་ཅིག་ ག་ཏེ་ཡང་ མིན་འདུག་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ འདས་པའི་སྤྱི་ཟླ་༢ པའི་ནང་ ཤུལ་མའི་ བཙག་འཐུ་ནང་ འབྲེལ་གཏོགས་འབད་མི་ ཚོགས་སྡེའི་འཐུས་མི་ཚུ་གིས་ ད་ལྟོའི་ཡིག་ཚང་ནང་ལས་ དགོངས་ཞུ་འབད་དགོ་ཟེར་ གསལ་བསྒྲགས་འབད་མི་དེ་ གཙོ་བོ་ར་ བཙག་འཐུ་ནང་འབྲེལ་གཏོགས་འབད་མི་ འདེམས་ངོ་ཆ་མཉམ་གྱི་དོན་ལུ་ བཙག་འཐུ་དེ་ དྭངས་གསལ་དང་ དྲང་མཉམ་ཐོག་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྙན་ཞུ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྙན་གསན་ཕུལ་ཡོདཔ་ད་ དེ་ཡང་ དོན་ཚན་དེ་དང་འབྲེལ་བའི་ གོ་བ་ལེན་ཐངས་ཀྱི་ཐད་ལུ་ མངོན་མཐོ་ཁྲིམས་འདུན་ལས་ འགྲེལ་བཤད་ཁ་གསལ་གྱི་དོན་ལུ་ ཞུ་བ་འབད་དགོཔ་ ཡོད་མེད་ཀྱི་སྐོར་ལས་ཨིན་པས།
དེ་འབདཝ་ད་ ཁྲིམས་དོན་མཁས་མཆོག་ཚུ་གིས་འབད་བ་ཅིན་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ རྩ་ཁྲིམས་ཆེན་མོའི་ དོན་འགྲེལ་དོན་ལུ་ སྙན་ཞུ་ཕུལ་ནི་དེ་ རྒྱལ་ཡོངས་ཀྱི་ གནས་སྟངས་ཚུ་མ་གཏོགས་ མཐོ་གཏུགས་འབད་ནིའི་ འོས་འབབ་མེད་ཟེར་ཨིནམ་ད་ ཚོགས་སྡེའི་སྙན་ཞུ་དེ་ རྒྱལ་ཡོངས་ཀྱི་ གནས་སྟངས་མེན་པའི་ཁར་ རྩ་ཁྲིམས་ཆེན་མོའི་ནང་ གནས་ཡུན་ཚང་དགོཔ་ ཁ་གསལ་བཀོད་དེ་ཡོདཔ་ལས་ ལོགས་སུ་ གྲོས་བསྡུར་འབད་དགོཔ་ཅིག་མེད་ཟེར་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment