གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་བཙག་འཐུའི་ གྲུབ་འབྲས་གནས་སྟངས་ཀྱི་ དཔེ་དེབ་གསར་བཏོན།

༡༩/༩/༢༠༡༢   ༉ ཁ་ཙ་ སྒེར་གྱི་གྲོས་སྟོན་པ་ ལས་སྐྱིད་རྡོ་རྗེ་གིས་ ཌི་མོ་ཀེ་རེ་སི་ ཨཔ་ཀོ་ལོསི་ཟེར་མི་ དམངས་གཙོའི་རིང་ལུགས་ཀྱི་ གྲུབ་འབྲས་གནས་སྟངས་སྐོར་ལས་ དཔེ་དེབ་ཅིག་ གསར་བཏོན་འབད་མི་དེ་ནང་ ཁོ་གིས་ སྙན་ཞུ་གཙོ་བོ་ དོན་ཚན་༧ དེ་ཅིག་ གསལ་བཀོད་འབད་ནུག།


ཁོ་གིས་འབད་བ་ཅིན་ འདས་པའི་ ས་གནས་གཞུང་གི་བཙག་འཐུ་ནང་ རང་རྐྱང་ཐོག་ལས་ འདེམས་ངོ་སྦེ་ཐོན་མི་༡༦ དེ་ཅིག་གིས་ འདེམས་ངོའི་ཐོ་བཀོད་འབད་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་ཆ་ཁྱབ་ མ་དགོ་པའི་གནད་ལུ་བརྟེན་ ངོས་ལེན་མ་འབད་བས་ཟེར་ སླབ་ཨིན་པས།
གཡུས་སྒོ་ནང་ སྡོད་མི་ཚུ་གིས་ འདས་པའི་བཙག་འཐུ་ནང་ གཙོ་བོ་ར་ འགོ་ཁྲིདཔ་གསརཔ་ལུ་ དང་འདོད་ཡོད་པའི་ ངོས་ལེན་འབད་རུང་ ཧེ་མའི་ རྒཔོ་བགྲེསཔ་བརྒྱ་ཆ་༣༥ གིས་མ་གཏོགས་ ལོག་འཕྲོ་མཐུད་དེ་ འགན་འཁྲི་འབག་ནི་གི་ གོ་སྐབས་མ་ཐོབ་པས་ཟེར་ཨིན་པས།
དེ་ཡང་ དར་དཀར་ནང་རྫོང་ཁག་ནང་ རྒཔོ་བགྲེསཔ་༩ གིས་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་རུང་༡ གིས་མ་གཏོགས་ རྒྱལ་ཁ་མ་ཐོབ་པའི་ཁར་ ཧཱ་རྫོང་ཁག་ནང་ལས་ རྒཔོ་བགྲེསཔ་༦ གིས་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་མིའི་གྲས་ལས་༡ དང་ སྤ་རོ་རྫོང་ཁག་ནང་ལས་ རྒཔོ་བགྲེསཔ་༡༠ གྱིས་ བཅའ་མར་གཏོགས་ཡོད་མིའི་གྲས་ལས་༢ དེ་ལས་ ལྷུན་རྩེ་ལས་ རྒཔོ་བགྲེསཔ་༤ གིས་ བཅའ་མར་གཏོགས་ཡོད་མིའི་གྲས་ལས་༢ ཀྱིས་མ་གཏོགས་ བཙག་འཐུ་མ་གྲུབ་པས་ཟེར་ཨིན་པས།
རྒེད་འོག་ཚོགས་སྡེའི་ བཅག་འཐུ་ཐེངས་༢ དང་ ད་རུང་ ལྷན་ཐབས་བཙག་འཐུ་ ཐེངས་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོད་རུང་ རྒེད་འོག་ཚོགས་སྡེ་ནང་ ས་སྟོང་༥༠ དེ་ཅིག་ བསུབ་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ བཙག་འཐུ་ལྷན་ཚོགས་ཀྱིས་ འོས་འབབ་ཅན་གྱི་ འདེམས་ངོ་ཚུ་གིས་ རང་སོའི་ དགོས་མཁོའི་ཡིག་རིགས་ཚུ་ ས་གོ་གཅིག་གི་ནང་ལས་ འཐོབ་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོད་རུང་ གཞི་རྟེན་མཁོ་ཆས་ཚུ་གི་ གནས་སྟངས་ལུ་བརྟེན་ བཟོ་མ་ཚུགསཔ་ལས་ འདེམས་ངོ་ཚུ་གིས་ ཡིག་ཆའི་དོན་ལུ་ ཟད་འགྲོ་ལེ་ཤ་བཏང་ཐོག་ལས་ ཡིག་ཚང་གཅིག་ལས་གཅིག་བརྒྱུད་དེ་ ལེན་དགོ་མི་དེ་གིས་ མཐའ་ཟུར་གྱི་འདེམས་ངོ་ཚུ་ སྤྲོ་བ་མེད་པའི་གནད་དོན་ཅིག་ གནས་སྟངས་དེ་ལུ་བརྟེན་ ཨིན་མས་ཟེར་བཀོད་ནུག།
ཁོ་གིས་ བཤད་མི་དང་འཁྲིལཝ་ད་ བཙག་འཐུའི་བཅའ་ཁྲིམས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་དེ་ ཞི་གཡོགཔ་དང་ ཁོང་རའི་ ཨམ་སྲུ་ཚུ་ལུ་ ཐོབ་སྦེ་བཟོ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཐོག་ལས་ ཐོ་བཀོད་འབད་ནི་ལ་སོགས་པའི་ བྱ་རིམ་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་དང་ ཤེས་ཡོན་ཁྱབ་སྤེལ་ ལེགས་ཤོམ་མེད་པའི་ སྒྲུབ་བྱེད་ཚུ་ཡང་ ཡོདཔ་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ རྒྱ་བསྐྱེད་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ ཞིབ་འཚོལ་འབད་བའི་སྐབས་ དྲི་ལན་འབད་ཡོད་མི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སླབ་མིའི་ནང་ ས་གནས་ག་ཏེ་སྡོད་ས་ལས་ ཚོགས་རྒྱན་བཙུགས་ཆོག་པའི་ ལམ་ལུགས་དགོས་མཁོ་ཡོད་མི་ ལེ་ཤ་ཐོན་ཡི་ཟེར་ཨིནམ་ད་ ས་གནས་གཞུང་གི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་ཆོག་མི་ བརྒྱ་ཆ་༤༨ རང་སོའི་ ས་གནས་ལུ་མེན་པར་ ས་གནས་གཞན་ཁར་ ལཱ་གཡོག་འབད་སྡོད་མི་ཚུ་ ཨིན་མས་ཟེར་བཤད་ཅི།
དེ་འབད་ནི་དེ་གིས་ གནད་དོན་དེ་ ལོགས་སུ་སྦེ་ ཞིབ་འཚོལ་ཐོག་ལས་ ཚོགས་རྒྱན་བཙུགས་མི་ མངམ་འཐོན་ནིའི་དོན་ལུ་ ཐབས་ལམ་དང་ འོས་འབབ་ཚུ་ བལྟ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
དཔེ་དེབ་དེ་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་དང་ ཌེན་མཱག་ལས་ འབྲུག་གི་གཞུང་ཚབ་ ཕི་རིཌ་ སུ་བྷ་ཡེན་གྱིས་ བཙག་འཐུ་ལྷན་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ གསར་བཏོན་འབད་ཡོདཔ་ད་ དཔེ་དེབ་ཀྱི་ པར་སྐྲུན་དང་ ཞིབ་འཚོལ་ལས་རིམ་ཚུ་ ཌེ་ནི་ཌ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འབད་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment