གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོཔ་ཚུ་གིས་ ལོ་ཐོག་གསར་ཕུད་བཏོག་པའི་བསྒང་ཡོདཔ།

༢༧/༩/༢༠༡༢   ༉ ད་རེས་ནངས་པ་ སྤ་རོའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་མི་ཚུ་གིས་ ལམ་གཡས་གཡོན་ལུ་ཡོད་མི་ ཨ་རིང་ཚུ་ནང་ ཨམ་སྲུ་ཚུ་གིས་ མགུ་རས་དཀྱི་སྟེ་ འབྱ་སྲིབ་དང་ རེད་ཀྱི་གསར་ཕུད་བཏོག་སར་ མཐོང་གསལ་བྱུང་མི་དེ་ གནམ་སེར་ཁ་འཐོན་རན་པའི་ བརྡ་མཚོན་ཅིག་ཨིན་པས།
ཚེ་རིང་སྒྲོལ་མ་དང་ མོ་གི་ལས་མི་ ལྷབ་རྒྱལམོ་༢ ཀྱིས་ སྐྱིད་ཆུ་ལྷ་ཁང་ཁ་ཐུག་ལུ་འགྱོ་སའི་ སྦོ་ལོགས་ཁར་ ལོ་ཐོག་གསར་ཕུད་ཀྱི་དོན་ལུ་ རེད་མགོ་གཞར་བའི་བསྒང་།


དེ་ཡང་ སྤ་རོཔ་ཚུ་གིས་ ལོ་བསྟར་གསོལ་མཆོད་སྐབས་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ ལོ་ཐོག་གསར་ཕུད་ཚུ་ ཕུལ་དགོ་ནི་དེ་གིས་ ད་ལྟོ་ འབྱ་བརྔ་མ་རནམ་ལས་ར་ རང་སོའི་འབྱ་ཞིང་ནང་འཛུལ་ཏེ་ རེད་མགོ་གཞར་སར་ མཐོངམ་ཨིན་པས།
ལོ་ཐོག་གསར་ཕུད་ཚུ་ གསོལ་མཆོད་ཀྱི་དོན་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་སྡོད་མི་ ཁོང་རའི་འཆམ་མཐུན་དང་ གཉེན་ཉེཝ་ཚུ་ལུ་ ཁྱོསམ་སྦེ་ཡང་ བསྐྱལ་སྲོལ་ཡོདཔ་ཨིན་པས།
སྐྱིད་ཆུ་ལྷ་ཁང་ཁ་ཐུག་ལུ་འགྱོ་སའི་ལམ་ཁར་ ཨ་རིང་ཅིག་ནང་ རེད་མགོ་གཞར་སྡོད་མི་ ལམ་གོང་རྒེད་འོག་ སྔོ་སྦ་གཡུས་ཚན་ལས་ སྐྱེས་ལོ་༤༧ ལང་མི་ ཚེ་རིང་སྒྲོལ་མ་གིས་ ལོ་ཐོག་གསར་ཕུད་ཀྱི་དོན་ལུ་ རེད་མགོ་ཚུ་ བཏོག་ནི་གི་ དུས་ཚོད་དེ་ ད་ལྟོ་ཨིན་ཟེར་ སླབ་ཨིན་པས།
ཚེ་རིང་སྒྲོལ་མ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ མོ་རའི་ གསོལ་མཆོད་ཕུལ་མིའི་དོན་ལུ་ རེད་མགོ་གཞར་ཏེ་ འབྱ་སྲིབ་བྲེ་༡༥ བརྡུངས་ཡོདཔ་ཨིན་རུང་ ད་རུང་ མོ་རའི་ཉེ་ཚན་ཚུ་ལུ་ ལག་རྟགས་བསྐྱལ་ནིའི་དོན་ལུ་ འབྱ་སྲིབ་བྲེ་༣༥ དེ་ཅིག་བརྡུང་དགོཔ་ཡོད་ཟེར་ཨིན་པས།
ཚེ་རིང་སྒྲོལ་མ་བཟུམ་སྦེ་ རེད་མགོ་གཞར་མི་ སོ་ནམ་ཞིང་པ་གཞན་ཡང་ཡོདཔ་ད་ ཁོང་གིས་ ལག་པར་གྱིབ་དོབ་ཆུང་ཀུ་རེ་བཤེད་དེ་ རེད་མགོ་བཏོགཔ་ད་ ལགཔ་ཚ་དོ་ཡོདཔ་ཨིན་རུང་ ལག་ཤུབས་བཙུགས་པ་ཅིན་ རེད་ལེགས་ཤོམ་སྦེ་ གཞར་མི་ཚུགས་པས་ཟེར་ སླབ་དོ་ཡོདཔ་ད་ ཁོང་མང་ཤོས་ཅིག་གིས་ གསར་ཕུད་སྦེ་ འབྱ་སྲིབ་དང་ ཆུམ་བྲེ་༣༥ རེ་ བརྡུང་དོ་ཡོདཔ་ཨིན་པས།
ཚེ་རིང་སྒྲོལ་མ་གི་ ལས་མི་སྦེ་ རེད་མགོ་བཏོག་སྡོད་མི་ ལྷབ་རྒྱལམོ་གིས་ སླབ་མིའི་ནང་ ད་ལྟོ་ འབྱ་སྲིབ་བརྡུངས་མི་ཚུ་ གསོལ་མཆོད་དང་ རང་གི་ སྤུན་ཆ་དང་ གཉེན་ཉེཝ་ཚུ་ལུ་ ལག་རྟགས་སྦེ་ བསྐྱལཝ་མ་ཚད་ གནམ་དགུན་གྱི་ ལོ་ཆོག་གཏངམ་ད་ ཇ་རྩམ་སྦེ་ཡང་ དྲང་དགོཔ་ཨིན་ཟེར་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་ཐོག་གསར་ཕུད་ཀྱི་དོན་ལུ་ འབྱ་འཚོ་མི་དང་ མ་འཚོ་མི་༢ ཆ་ར་ ལག་ལེན་འཐབ་མི་བཏུབ་ནི་ཨིནམ་ལས་ སེར་བཀྱག་མང་སུ་སྦེ་ཐལ་མི་ རེད་མགོ་རྐྱངམ་གཅིག་ གཞར་འབག་དགོ་ཟེར་ཨིན་པས།
སྤ་རོཔ་ཚུ་གིས་ འབྲུག་པའི་འབྱ་དང་ ཇ་པཱན་གྱི་འབྱ་ ལྷམ་པ་༢ འཛུགས་སྐྱོང་འབད་དོ་ཡོད་མི་ལས་ འབྱ་གི་གསར་ཕུད་ཚུ་ ཇ་པཱན་གྱི་འབྱ་ལས་ བཏོག་དོ་ཡོད་མི་དེ་ཡང་ རེད་མགོ་ཚུ་ ལག་པ་གིས་ འཇམ་ཏོང་ཏོ་སྦེ་ གཞར་ཚུགས་ནི་དེ་གིས་ཨིན་པས།
སོ་ནམ་ཞིང་པ་ཅིག་གིས་ སླབ་མིའི་ནང་ འབྲུག་པའི་འབྱ་ཚུ་ ཟོརཝ་ལག་ལེན་འཐབ་ཐོག་ལས་ བཏོག་དགོཔ་མ་ཚད་ འབྱ་འཕུར་བའི་སྐབས་ཡང་ ལཱ་ཁག་རྐྱབ་ནི་ཡོད་ཟེར་ཨིན་པས།
རེད་མགོ་ཚུ་ གཞར་བའི་ཤུལ་ལུ་ ཨམ་སྲུ་ཚུ་གིས་ སླ་ངའི་ནང་སྔོ་སྟེ་ ཕོ་སྐྱེས་ཚུ་གིས་ ལྷིའུ་ནང་སྦེ་ བརྡུང་དགོཔ་ད་ ཆུམ་བརྡུང་ནིའི་ཐད་ལུ་ ཁྱིམ་ནང་ལྷོདཔ་ཅིག་ར་ དུམ་གྲ་ཅིག་ རེད་སྔོ་བའི་ཤུལ་ལུ་ ཉིནམ་༢ དེ་ཅིག་ ཉི་མའི་ནང་ ཐགམ་བརྡལ་ཞིནམ་ལས་ ཆུམ་འཐག་དོ་ཡོདཔ་ཨིན་པས།
སྔོ་བ་རྡོ་ལེགས་ཐང་ཁ་ལས་ སྐྱེས་ལོ་༥༣ འབད་མི་ ནག་ཀུ་གིས་འབད་བ་ཅིན་ འབྱ་སྲིབ་དང་ ཆུམ་ཕུད་ཚུ་ སྤྱི་ཟླ་༩ པའི་ནང་ བཏོག་དགོཔ་བཞིན་དུ་ རང་ཟླ་༨ པའི་ཚེས་༨ ལུ་ ལོ་ཐོག་གསར་ཕུད་ཚུ་འབག་སྟེ་ སྔོ་བ་ལྷ་ཁང་ནང་ཡང་ ཕུལ་དགོཔ་ད་ དེ་བསྒང་ ལྷ་ཁང་ནང་ ཆོསཔ་༨ དེ་ཅིག་གིས་ གསུང་ཆོག་ཚུ་ཡང་ གནང་ནི་ཡོད་ཟེར་ཨིན་པའི་གནས་ཚུལ།


སྤ་རོ་ལས་ ཉི་མ་དབང་འདུས།

No comments:

Post a Comment