གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལེནཌ་ཀུ་རུའི་ཟར་ཅིག་ ས་རུད་ནང་ ཐོགས་ལུས་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ སྤུ་ན་ཁ་ བླམ་དཔལ་རིའི་ཉེ་འདབས་ལུ་ ས་རུད་ཆད་དེ་ གཞུང་ལམ་བསུབས་མིའི་ནང་ དབང་འདུས་ལས་ ཐིམ་ཕུ་ཁ་ཐུག་ལུ་འོང་མི་ སྣུམ་འཁོར་ལེནཌ་ཀུ་རུའི་ཟར་ཅིག་ ཐོགས་ལུས་ཡོད་རུང་ འགྲུལ་པ་༢ ལུ་ གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།

ཁ་ཙ་ རྡོ་སྐྱོང་ལའི་འོག་ལུ་ ཀི་ལོ་མི་ཊར་༣ དེ་ཅིག་ཁར་ ལམ་ལྟག་ལས་མར་ ས་རུད་ཆད་མིའི་ནང་ སྣུམ་འཁོར་ལེནཌ་ཀུ་རུའི་ཟར་ཅིག་ ས་འདམ་ནང་ ཐོགས་ལུས་པའི་མཐོང་སྣང་།

ལལེནཌ་ཀུ་རུའི་ཟར་དེ་ ས་རུད་ཆད་སར་ སྣུམ་འཁོར་བརྒྱ་ལས་བཅད་དེ་ སྒུག་སྡོད་མི་ཚུ་གི་ གདོང་ཁར་ཡོདཔ་ད་ དེ་བསྒང་ ལེནཌ་ཀུ་རུའི་ཟར་གྱི་ དེད་གཡོགཔ་དེ་གིས་ ས་རུད་ཆད་ས་ལས་ འཐོན་འགྱོ་ནིའི་ དཔའ་བཅམ་ད་ ས་རུད་ནང་ཚུད་དེ་ ཐོན་མ་ཚུགས་པའི་བར་ན་ དུས་ཡུན་སྐར་མ་༡༥ དེ་ཅིག་ལུ་ ད་རུང་ ཆུ་རུད་ཆད་འོངམ་ལས་ ཐོགས་ལུས་ཡོདཔ་ཨིན་པས།
དེད་གཡོགཔ་དེ་གིས་ ལམ་ཆད་ས་ལས་ འཐོན་འགྱོ་ནིའི་དོན་ལུ་ ཤུགས་ཚད་ཁར་ བཏང་འགྱོ་རུང་ འདམ་རྫབ་ནང་ ཐོགས་ལུས་ཡོདཔ་ལས་ ཧེང་སྐལ་ར་ འདམ་ནང་ཐིམ་ཡོདཔ་ལས་ སྣུམ་འཁོར་འཕུལ་མི་ཚུ་གིས་ འགྲུལ་པ་༢ ཆ་ར་ སྣུམ་འཁོར་ནང་ལས་ ཐོན་ཟེར་སླབ་ཚརཝ་ཅིག་ ལམ་ལྟག་ལས་མར་ ས་རུད་ཆད་འོངམ་ལས་ ཧེང་སྐལ་ར་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
འཁོར་ལམ་གྱི་ གནས་སྟངས་ལུ་ལྟ་སྟེ་ སྣུམ་འཁོར་ལ་ལུ་ཅིག་ ལོག་དབང་འདུས་ལུ་ སོང་ཡོདཔ་ད་ ལ་ལུ་ཅིག་ ལམ་ཐལ་བའི་ རེ་བ་བསྐྱེད་དེ་ ས་གོ་ནང་ར་ སྒུག་སྡོད་ཡོདཔ་ཨིན་པས།
འཁོར་ལམ་བསུབས་ཏེ་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་གི་ཤུལ་ལུ་ སྨན་ཆུང་ནང་ལས་ ས་རྐོ་འཕྲུལ་ཆས་འོང་སྟེ་ ལམ་སེལ་ཡོདཔ་ལས་ ཆུ་ཚོད་༦ དང་སྐར་མ་༣༠ དེ་ཅིག་ལུ་ སྣུམ་འཁོར་ཚུ་ ཐལ་ཡོདཔ་ཨིན་པས།
སྣུམ་འཁོར་བཏང་མི་ཚུ་གིས་ འབད་བ་ཅིན་ གལ་སྲིད་ ས་རྐོ་འཕྲུལ་ཆས་དེ་ དུས་ཚོད་ཁར་ ལྷོད་པ་ཅིན་ ལེནཌ་ཀུ་རུའི་ཟར་དེ་ ས་འདམ་ནང་ མ་ཚུདཔ་འོང་ཟེར་ སླབ་ཡོདཔ་ད་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ལས་རོགསཔ་ ཀརྨ་རྡོ་རྗེ་གིས་ འབད་བ་ཅིན་ འཕྲུལ་ཆས་དེ་ ལས་འཛིན་ཅིག་གི་ཨིནམ་ལས་ དུས་ཚོད་ཁར་ ལྷོད་མ་ཚུགས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་རུད་ཆད་མི་དེ་ཡང་ གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ འཁོར་ལམ་གྱི་ འོག་ལས་མར་བཀོག་མི་ ས་དང་རྡོ་ཚུ་ ཆརཔ་རྐྱབ་པའི་སྐབས་ ཆད་སོ་ནུག་ཟེར་ཨིནམ་ད་ འཁོར་ལམ་རྒྱ་བསྐྱེད་དེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ འབད་དོ་ཡོདཔ་ལས་ ས་རུད་ཆད་མི་དེ་ཡང་ ཁོང་ར་གིས་ བསལ་དགོ་ཟེར་ཨིན་པས།
སྤུ་ན་ཁའི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ ལམ་སེལ་ལས་ཁུངས་ཀྱིས་ ལོ་༣ གྱི་ཁག་འབག་དོན་ལས་ ལས་འཛིན་ལུ་སྤྲོད་ཡོདཔ་ཨིན་པས།
ས་གོ་དེ་ནང་ ཉིནམ་༡ གི་ ནང་འཁོད་ལུ་ར་ ཚར་༢ ཆད་ཡོདཔ་ད་ དེ་ཡང་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ ཆད་མི་དེ་ ཆུ་ཚོད་༡༠ དང་སྐར་མ་༣༠ ལུ་ བསལ་ཚུགས་ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment