གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་གནམ་ཐང་ནང་ སྒེར་གྱི་གནམ་གྲུ་ཚུ་ བཞག་སའི་ས་ཁོངས་མེདཔ།

༢༡/༩/༢༠༡༢   ༉ སྤ་རོ་གནམ་ཐང་ནང་ གནམ་གྲུའི་ཤོང་ཚད་ལས་ལྷག་པའི་ གནམ་གྲུའི་གྱངས་ཁ་ ཡར་སེང་འགྱོ་བ་ཅིན་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱིས་ སྒེར་གྱི་གནམ་གྲུ་ཚུ་ སྤ་རོ་གནམ་ཐང་ནང་ བཞག་མ་ཆོག་པའི་ ཐབས་ལམ་ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
གནམ་གྲུ་༥ ལས་མ་ཤོང་པའི་ སྤ་རོ་གནམ་ཐང་།


གནམ་ཐང་དེ་ནང་ འཕུར་འགྲུལ་འབད་མི་གནམ་གྲུ་ཚུ་ བཀག་བཞག་སའི་ས་ཁོངས་ནང་ གནམ་གྲུ་༥ གི་ ཤོང་ཚད་ལས་བརྒལ་མེདཔ་ཨིན་པས།
ད་རེས་ཟླཝ་ནང་ འབྲུག་མཁའ་འགྲུལ་གྱིས་ གནམ་གྲུ་༤ འཕུར་འགྲུལ་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ འཕྲལ་འཕྲལ་ར་ སྒེར་གྱི་གནམ་གྲུ་ཡང་ འཕུར་འགྲུལ་གྱི་དོན་ལུ་ སྤ་རོ་རྒྱལ་སྤྱི་ གནམ་ཐང་ལག་ལེན་འཐབ་དོ་ཡོདཔ་ལས་ གནམ་གྲུའི་གྱངས་ཁ་དེ་ ད་ལྟོ་ལས་ར་ ཤོང་ཚད་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
དུས་ཅིའི་ ལོ་མཇུག་བསྡུ་ཁམས་ལས་ བཀྲིས་མཁའ་འགྲུལ་གྱིས་ གནམ་གྲུ་གསརཔ་༢ འོང་ནི་ཨིན་པའི་ཁར་ དེ་གི་ཤུལ་ལས་ ད་རུང་ སྤྱི་ལོ་༢༠༡༣ ལུ་ གནམ་གྲུ་༡ ལྷོད་པའི་བསྒང་ལས་ སྤ་རོ་གནམ་ཐང་ནང་ ཤོང་ཚད་ལས་བརྒལ་བའི་ གནམ་གྲུ་འོང་ནིའི་འོས་འབབ་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པའི་ གཙོ་འཛིན་འགོ་དཔོན་ རྟ་མགྲིན་རྒྱ་མཚོ་གིས་ སླབ་མིའི་ནང་ གནམ་ཐང་ནང་ ས་གོའི་གནས་སྟངས་དེ་ རྒྱལ་ཡོངས་མཁའ་འགྲུལ་ཞབས་ཏོག་ལས་སྡེ་གི་དོན་ལུ་ ཚ་གྱང་སྦོམ་ཤོས་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཁམས་ཅིག་ཁར་ གནས་སྟངས་དེ་ བདེ་སྒྲིག་འབད་ཚུགས་རུང་ ལྟ་བཤལ་གྱི་དུས་ཚོད་ཁར་ འདི་བཟུམ་གྱི་ལག་ལེན་ བདེ་སྒྲིག་འབད་ཚུགས་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིནམ་ད་ དེ་ཡང་ འབྲུག་མཁའ་འགྲུལ་གྱི་དུས་རྒྱུན་གྱི་གནམ་འགྲུའི་འཕུར་འགྲུལ་འབད་དགོཔ་ཡོད་པའི་ཁར་ ལྷན་ཐབས་ཀྱི་འཕུར་འགྲུལ་འགོ་འདྲེན་འཐབ་དགོཔ་མ་ཚད་ སྒེར་གྱི་གནམ་གྲུ་ཚུ་ཡང་ འཕུར་འགྲུལ་འབད་ནིའི་ འོས་འབབ་ཡོདཔ་ལས་ མཁའ་འགྲུལ་ལས་ཁུངས་ཀྱིས་ དཀའ་ངལ་སེལ་ནིའི་ཐབས་བྱུས་ སྟོན་དགོཔ་ཡོད་ཟེར་ཨིན་པས།
ད་རུང་ ཁོ་གིས་སླབ་མིའི་ནང་ གལ་སྲིད་ འཕུར་འགྲུལ་འབད་མི་ འགྲུལ་མིའི་གྱངས་ཁ་དེ་ ཡར་སེང་ཐོག་གནས་སྡོད་པ་ཅིན་ དུས་ཅི་ གླ་ཁར་མི་འགྲུལ་པ་༡༣༨ ཤོང་བའི་ གནམ་གྲུ་དེ་ སྤྱི་ལོ་༢༠༡༥ ལུ་ གནས་ཡུན་ཕྱིར་འགྱངས་འབད་དེ་ བཞག་ནིའི་འཆར་གཞི་ཨིནམ་ལས་ དེ་གིས་ འབྲུག་མཁའ་འགྲུལ་ལས་འཛིན་གཅིག་ལུ་ར་ གནམ་གྲུ་༥ འོང་ནི་མས་ཟེར་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱིས་ དུས་ཅི་ གནམ་ཐང་དེ་ནང་ གནམ་གྲུ་༨ ཤོངམ་སྦེ་ རྒྱ་བསྐྱེད་འབད་ནི་གི་འཆར་གཞི་ཡོདཔ་ཨིན་རུང་ རྒྱ་བསྐྱེད་ཀྱི་དོན་ལུ་ ས་ཁོངས་དགོཔ་ཡོད་མི་དེ་ ལས་སྡེ་ གཞན་མི་ཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ལས་ ས་གོ་རྒྱ་བསྐྱེད་ཀྱི་དོན་ལུ་ གཞུང་ལས་ གནང་བ་དགོཔ་ཡོད་ཟེར་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་སྡེའི་ བདག་སྐྱོང་གཙོ་འཛིན་འགོ་དཔོན་ནམ་ གནམ་ཐང་འཛིན་སྐྱོང་པ་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ གལ་སྲིད་ གནམ་ཐང་གི་ཤོང་ཚད་ལས་ལྷག་པའི་ གནམ་གྲུའི་གྱངས་ཁ་ཡར་སེང་འགྱོ་བ་ཅིན་ སྒེར་གྱི་གནམ་གྲུའི་ལས་སྡེ་ཚུ་གིས་ རང་སོའི་འགྲུལ་མི་ཚུ་ ལེན་ནི་དང་ བསྐྱལ་ནི་གི་དོན་ལུ་མ་གཏོགས་ གནམ་ཐང་ནང་གནམ་གྲུ་ཡུན་རིངམོ་སྦེ་ བཀག་བཞག་ནི་མེད་པའི་ཁར་ གནམ་གྲུ་བཀག་བཞག་ནིའི་དོན་ལུ་ ཉེ་འདབས་ཀྱི་གནམ་ཐང་ དཔེར་ན་ རྒྱ་གར་ཀཱོལ་ཀ་ཊ་ཚུ་ནང་ བཞག་དགོཔ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲིས་མཁའ་འགྲུལ་ལས་སྡེ་གིས་ ད་རུང་ གནམ་གྲུ་༢ འོང་ནི་ཨིན་པ་ཅིན་ གནམ་གྲུ་༢ ལས་༡ ཕྱི་ཁའི་གནམ་ཐང་ནང་ བཞག་དགོཔ་འོང་ཟེར་ བཤདཔ་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་སྡེ་གིས་ ད་རུང་ ནང་འཁོད་འཕུར་འགྲུལ་འབད་མི་ཚུ་གི་དོན་ལུ་ འགྲུལ་བསྐྱོད་འབད་སའི་ས་ཁོངས་བཟོ་སྐྲུན་འབད་ནི་དེ་ཡང་ ཕྱིའི་ལས་སྡེ་ཅིག་གིས་ ལག་ལེན་འཐབ་དོ་ཡོད་མིའི་ ས་ཁོངས་ནང་ཚུདཔ་ལས་ གཞུང་ལས་གནང་བ་མ་ཐོབ་པར་ བསྒུག་སྟེ་ཡོདཔ་ཨིན་པས།
གནམ་ཐང་ རྒྱ་བསྐྱེད་ཀྱི་འཆར་གཞི་དེ་ རྒྱ་གར་གཞུང་གི་ གྲོགས་རམ་མ་དངུལ་ཐོག་ལས་འབད་ནི་དང་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༣༡༧.༧ ཡོད་མི་ལས་ དངུལ་ཀྲམ་ས་ཡ་༢༣༥ དེ་ རྒྱ་བསྐྱེད་ཀྱི་དོན་ལུ་བཞག་པའི་ཁར་ དངུལ་ཀྲམ་ས་ཡ་༨༣.༧ དེ་ བརྒྱུད་འབྲེལ་དང་ འཕྲུལ་རིག་ལག་ལེན་གྱི་དོན་ལུ་ ཟད་འགྲོ་གཏང་ནི་ཨིན་པས།
འདི་དང་འབྲེལ་ དམིགས་བསལ་དུ་ ནང་འཁོད་འཕུར་འགྲུལ་འབད་མི་ གནམ་གྲུ་ཚུ་གི་དོན་ལུ་ འགྲུལ་པ་ཐོན་སའི་ ས་ཁོངས་བཟོ་སྐྲུན་གྱི་ལཱ་དེ་ འགོ་བཙུགས་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༡༤ དང་༢༠༡༥ གི་བར་ན་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment