གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་རུད་ཀྱིས་ སྣུམ་འཁོར་༤ ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༡༧/༩/༢༠༡༢    ༉ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༠ དེ་ཅིག་ཁར་ རྡོ་སྐྱོང་ལའི་ ཉེ་འདབས་ས་གནས་ བླམ་དཔལ་རི་ལུ་ བྱག་གུ་ལས་མར་ ཤིང་སྦོམ་ཅིག་ ར་འབོག་འོང་མི་ལུ་བརྟེན་ སྣུམ་འཁོར་ཊི་པར་ཊཱག་༡ དང་ ཧའི་ལགསི་༢ དེ་ལས་ བཱོ་ལེ་རོ་གླ་འཁོར་༡ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
འདས་པའི་ཉིན་གྲངས་༢ ལྷགཔ་ཅིག་གི་རིང་ ཆརཔ་ཆད་ནི་མེད་པར་ རྐྱབ་པའི་སྐབས་ལུ་ ཐིམ་ཕུ་དང་ དབང་འདུས་ཀྱི་ གཞུང་ལམ་བར་ན་ བླམ་དཔལ་རི་ལུ་ ས་རུད་ཆད་དེ་ སྣུམ་འཁོར་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་མཐོང་སྣང་།


རྐྱེན་ངན་ནང་ མི་ཚུ་ལུ་ གནོད་སྐྱོན་ག་ཅི་ཡང་ མ་བྱུངམ་ཨིན་རུང་ སྣུམ་འཁོར་ཊི་པར་ཊཱག་གི་ དེད་གཡོག་པའི་རྐངམ་དེ་ ཊཱག་ནང་ཐོགས་ལུས་ཏེ་ དུས་ཡུན་ཆུད་ཚོད་༥ དེ་ཅིག་གི་རིང་ བཏོན་མ་ཚུགས་པར་ ལུས་ནུག།
དེ་ཅིག་བར་ན་ ཐིམ་ཕུ་དང་ སྤུ་ན་ཁ་ལས་ སྲོག་སྐྱབས་སྡེ་ཚན་ཚུ་འོང་སྟེ་ ཉིན་མའི་ ཆུ་ཚོད་ཕྱེད་དང་༣ དེ་ཅིག་ཁར་ དེད་གཡོགཔ་དེ་ ཊཱག་ནང་ལས་བཏོན་ཏེ་ ཐིམ་ཕུ་སྨན་ཁང་ནང་བསྐྱལ་ཡོདཔ་ད་ ཕྱི་རུའི་ཆུ་ཚོད་༥ ལུ་ འཁོར་ལམ་བསལ་ཏེ་ སྣུམ་འཁོར་ཚུ་ བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༤ གི་ཉིན་མ་ ལམ་བསུབས་མི་དེ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༩ ལུ་ བསལ་ཚུགས་ཡོདཔ་ཨིན་རུང་ དེ་ཚེ་ནུབ་མོ་ར་ ལོག་སྟེ་ བསུབས་ཡོདཔ་ལས་ ལམ་འགྲུལཔ་ལ་ལུ་ཅིག་ ས་གནས་དེ་ཁར་ ཞག་ལུས་ཡོདཔ་ཨིན་པས།
དེ་གི་ནངས་པ་ དྲོ་པའི་ཆུ་ཚོད་༦ ལས་འགོ་བཙུགས་ཏེ་ ལམ་སེལ་གྱི་ལཱ་འབད་དེ་ ཆུ་ཚོད་༩ དེ་ཅིག་ཁར་ སྣུམ་འཁོར་ཚུ་ བཏང་ཚུགས་ཡོདཔ་ཨིན་རུང་ དེ་བསྒང་ ཧེ་མ་ར་ ཐིམ་ཕུ་ཁ་ཐུག་ལས་འོང་མི་ སྣུམ་འཁོར་ཚུ་རྐྱངམ་གཅིག་ འགྲུལ་བསྐྱོད་འབད་བཅུག་ཡོདཔ་ད་ ལོད་སྦིས་ས་ལས་ ཐིམ་ཕུ་ལུ་འོང་མི་ འགྲུལ་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་ལུ་འོང་མི་ སྣུམ་འཁོར་ཚུ་གི་ གྲལ་འགོ་ལུ་ གནོད་སྐྱོན་བྱུང་མི་ ཊི་པར་ཊཱག་དེ་དང་ ཧའི་ལགསི་དེ་ སྡོད་ཅི་ཟེར་ཨིན་པས།
གཞན་མི་ཧའི་ལགསི་དེ་ ཐིམ་ཕུ་ལས་ ལོད་སྦིས་ས་ལུ་ འགྱོ་མི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༡༥ འི་ཉིན་མ་ རྡོ་སྐྱོང་ལ་ སྐྱིད་གནས་ཀྱི་འོག་ལུ་ འཁོར་ལམ་བསུབས་མི་དེ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ བསལ་ཚུགས་ཡོདཔ་ཨིན་རུང་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ལས་ ལོག་སྟེ་ར་ བསུབས་ཡོདཔ་ཨིན་པས།
དེ་ལུ་བརྟེན་ ཁྲིམས་སྲུང་འགག་པ་ཚུ་གིས་ འཁོར་ལམ་དེ་བདའ་སྟེ་ འགྲུལ་བསྐྱོད་འབད་མི་ སྣུམ་འཁོར་ལེ་ཤ་ཅིག་ར་ ཕར་དང་ཚུར་ ལོག་བཏང་ཡོདཔ་ཨིན་རུང་ ལ་ལུ་ཅིག་ ས་གནས་དེ་ཁར་ར སྡོད་ཡོདཔ་ཨིན་པས།
སྤུ་ན་ཁའི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཙ་ དྲོ་པའི་ཆུ་ཚོད་༡༠ དང་ སྐར་མ་༤༥ དེ་ཅིག་ཁར་ ལམ་བསལ་ཚར་ཏེ་ སྣུམ་འཁོར་ཚུ་ བཏང་ཡི་ཟེར་ཨིན་པས།

ས་གནས་ནང་ ལམ་སེལ་གྱི་ལཱ་འབད་མི་ འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ཡོདཔ་མ་ཚད་ གནོད་སྐྱོན་བྱུང་མི་ སྣུམ་འཁོར་ཚུ་ཡང་ བཏོན་འབག་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment