གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་འབྲུག་གི་ མཐུན་ལམ་དང་ མཉམ་འབྲེལ་རྩ་བརྟན་བཟོ་ནི་ལུ་ཁས་ལེན།

༢༦/༡/༢༠༡༣   ད་རིས་ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་བརྩི་སྲུང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ འབྲེལ་གཏོགས་གནང་ནི།
རཱཤི་ཊ་པ་ཏི་ བྷ་ཝཱན་ནང་ སྟི་སྭ་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཟིགས་ཞིབ་གནང་པའི་བསྒང་།
༉ རྒྱ་གར་གྱི་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་༦༤ པ་འདི་ ད་རིས་ རྒྱལ་ས་ནིའུ་ལྡི་ལི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ དབུ་བཞུགས་ཐོག་ སྲིད་འཛིན་དང་ སྲིད་བློན་རྣམ་གཉིས་ཀྱིས་གཙོས་པའི་ རྒྱ་གཞུང་གི་ དབུ་ཁྲིད་དང་ སྲིད་དོན་པ་ཚུ་གིས་ མི་སེར་ཚུ་དང་ ལྷན་བཞུགས་ཐོག་ བརྩི་སྲུང་ཞུ་ནི་ཨིན་པས།
བསུ་སྟོན་སྐབས་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ རྒྱ་གར་གྱི་སྲིད་འཛིན་ པར་ནཱབ་མུ་ཁར་ཇི་(གཡས་ཁ་ཐུག་)དང་ སྲིད་བློན་ཌོག་ཊར་ མཱན་ མོ་ཧཱན་སིང་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།
རྒྱ་གར་གྱི་སྲིད་འཛིན་གྱིས་ ཚོགས་སྟོན་ཅིག་ དྲངས་པའི་སྐབས་ མི་དབང་མཆོག་གིས་ གསུང་བཤད་
གནང་པའི་བསྒང་།


དུས་སྟོན་དེ་ཡང་ ལྡི་ལི་གེཊི་དང་ ཇཱན་པཱཐ་གི་ ལམ་བདའ་སྟེ་ བརྩི་སྲུང་ཞུ་ནི་ཨིནམ་བཞིན་དུ་ དེ་བསྒང་ རྒྱ་གར་གྱི་ མངའ་སྡེ་སོ་སོའི་ ལམ་ལུགས་མ་འདྲཝ་དང་ རང་ལུགས་ཀྱི་ལྟདམོ་ཚུ་ སྤྱན་འབུལ་ཞུ་ནི་ཨིནམ་མ་ཚད་ དྲག་པོའི་དམག་མི་དང་ མཁའ་དམག་ མཚོ་དམག་ ཁྲིམས་སྲུང་འགག་སྡེ་ཚུ་གིས་ རང་སོའི་དམག་ཆས་དང་ ཕྱད་མདའི་སྣུམ་འཁོར་ལ་སོགས་པ་ཚུ་ མི་མང་ལུ་ གསལ་སྟོན་འབད་ནི་ཨིན་པས།
རྒྱ་གར་གྱིས་ སྤྱི་ལོ་༡༩༣༥ ལོའི་གཞུང་གི་བཅའ་ཁྲིམས་ཀྱི་ཚབ་ལུ་ སྤྱི་ལོ་༡༩༥༠ ཟླཝ་༡ པའི་ཚེས་༢༦ ལུ་ རྩ་ཁྲིམས་ཆེན་མོ་བསྟར་སྤྱོད་འབད་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་བཞིན་དུ་ དུས་དྲན་བརྩི་སྲུང་ཞུ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁ་ཙ་ཕྱི་རུ་ རཱཤི་ཊ་པ་ཏི་ བྷ་ཝཱན་ཟེར་མི་ སྲིད་འཛིན་གྱི་ ཕོ་བྲང་ནང་སྦེ་ རྒྱ་གར་གྱི་སྲིད་འཛིན་ པར་ནཱབ་མུ་ཁར་ཇི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ལུ་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་སར་ རྒྱ་གར་གྱི་ དབུ་ཁྲིདཔ་ཚུ་དང་ འབྲུག་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ འབྲེལ་གཏོགས་འབད་ཡི།
དེ་བསྒང་ སྲིད་འཛིན་གྱིས་ མི་དབང་མངའ་ཞབས་མཆོག་ སྐུ་ཚེ་ཞབས་པད་བརྟན་ཅིང་ སྐུ་ཁམས་བཟང་པོ་སྦེ་ བཞུགས་ནི་དང་ མཛའ་མཐུན་ཅན་གྱི་ འབྲུག་པའི་མི་སེར་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་ཏོག་ཏོ་འབྱུང་ནི་ དེ་ལས་ རྒྱ་འབྲུག་གི་མཐུན་འབྲེལ་ཡུན་དུ་གནས་པའི་ རྟགས་དང་རྟེན་འབྲེལ་ལུ་ སྨོན་ཆང་ཕུལ་ཡི།
སྲིད་འཛིན་པཱར་ནཱབ་ མུ་ཁར་ཇི་གིས་ ཞུ་མིའི་ནང་ རྒྱ་གར་གྱིས་ རྒྱ་འབྲུག་གི་མཐུན་འབྲེལ་དམ་ཟབ་གནས་ཡོད་མི་ལུ་ བརྩི་མཐོང་སྦོམ་བསྐྱེདཔ་མ་ཚད་ ཕན་ཚུན་རྒྱལ་ཁབ་གཉིས་ཀྱི་ མཐའ་དོན་དང་ འཆར་སྣང་ཚུ་ལུ་ ཅོག་འཐདཔ་སྦེ་ ཆ་གནས་འབདཝ་བཞིན་དུ་ རྒྱ་གཞུང་གི་ཁ་ཐུག་ལས་ མཉམ་འབྲེལ་ལས་དོན་ནང་ རྒྱ་བསྐྱེད་འབད་ནི་ལུ་ ཁས་ལེན་ཡོད་ཟེར་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ རྒྱ་འབྲུག་གི་མཐུན་འབྲེལ་དེ་ མ་འོངས་འབྲུག་རྒྱལ་ཁབ་མཐར་འཁྱོལ་ཅན་འབྱུང་ནིའི་དོན་ལུ་ གནད་འགག་ཅན་དང་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ གསུངས་གནང་ཡི།
ཁ་ཙ་དྲོ་པར་ རཱཤི་ཊ་པ་ཏི་ བྷ་ཝཱན་གྱི་ ས་ཁོངས་ནང་ བསུ་སྟོན་གྱི་ རྟེན་འབྲེལ་མཛད་རིམ་ཅིག་ འགོ་འདྲེན་འཐབ་སར་ རྒྱ་གར་གྱི་ སྲིད་འཛིན་གྱི་ སྐུ་སྲུང་དམག་གི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གུས་བཏུད་དང་ སྟི་སྭ་ཞུ་ཡི།
དེ་གི་ཤུལ་ལས་ མི་དབང་རྒྱལ་བཙུན་རྣམ་གཉིས་ རཱཇ་གཱཊ་ལུ་བྱོན་ཏེ་ མ་ཧཱཊ་མ་གཱན་དྷིའི་ རྒྱལ་ཡོངས་རྗེས་དྲན་ལུ་ མེ་ཏོག་གི་ ཕྲེང་བ་ཕུལ་ཏེ་ ཐུགས་སྨོན་ཚུ་གནང་ཡི།
ཉིན་མར་ མི་དབང་མཆོག་གིས་ སྲིད་བློན་ཌོག་ཊར་ མཱན་ མོ་ཧཱན་སིང་དང་ མཇལ་ཕྲད་གནང་པའི་ཤུལ་ལུ་ རྒྱ་གར་གྱི་ སྲིད་འཛིན་འོག་མ་ མོ་ཧ་མཱད་ ཨེཆ་ཨཱན་ས་རི་དང་ ཕྱི་འབྲེལ་བློན་པོ་ སཱལ་མཱན་ ཁུར་ཤིཌི་ ནང་སྲིད་བློན་པོ་ སུ་ཤིལ་ཀུ་མར་ ཤིན་ཌེ་ དངུལ་རྩིས་བློན་པོ་ ཅི་དམ་བཱ་རམ་ དེ་ལས་ ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ཨམ་སུསི་མ་ སའུ་རཱཇི་གིས་ མི་དབང་མཆོག་དང་ མཇལ་ཕྲད་ཞུ་ཡི།
དེ་མ་ཚད་ མི་དབང་མཆོག་གིས་ རྒྱ་གར་གྱི་ གཞུང་སྐྱོང་ཚོགས་པ་ ཡུ་པི་ཨེ་གི་ཁྲི་འཛིན་ ཨམ་སོ་ནི་ཡ་ གཱན་དྷི་དང་ མཇལ་ཕྲད་གནང་ཡི།
སྤྱི་ཟླ་༡ པའི་ཚེས་༢༨ ལུ་ རྒྱ་གར་གྱི་དམག་སྤྱི་ གུང་བློན་གོངམ་ བིཀ་རམ་སིང་དང་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཤིབ་ཤང་ཀར་ མེ་ནཱོན་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་ མ་ཐའི་གིས་ མི་དབང་མཆོག་གི་ སྐུ་མདུན་ལུ་ བཅར་ནི་ཨིན་པས།

མི་དབང་མངའ་ཞབས་མཆོག་ རྒྱ་གར་གྱི་ སྲིད་འཛིན་གྱིས་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་སྦེ་ འབྱོན་གནང་དགོ་པའི་ མགྲོན་བརྡ་ཕུལ་མི་དང་འཁྲིལ་ རྒྱ་གར་ལུ་ སྐུ་ཞག་༧ གྱི་དོན་ལས་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་ བྱོན་ཡོདཔ་བཞིན་དུ་ མི་དབང་མཆོག་དང་ ཕྱག་ཞུ་སྟེ་ ཕྱི་འབྲེལ་བློན་པའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་ འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་ གུང་བློན་འོག་མ་ བ་ཀྲོ་ཚེ་རིང་དང་ སྐུ་སྲུང་དམག་སྡེའི་ གུང་བློན་འོག་མ་ དོན་གྲུབ་ཚེ་རིང་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་གཞན་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།
ནིའུ་ལྡི་ལི་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment