གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ གློག་བརྙན་ཁང་ བཟོ་སྐྲུན་འབད་ནི།

༣༠/༡/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༤ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གློག་བརྙན་ཚོགས་པ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་སྐབས་ ཚོགས་སྡེའི་ལཱ་ཚུ་ ཐིམ་ཕུའི་ཕྱི་ཁ་ལས་ཕར་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ གཞི་རྟེན་མཁོ་ཆས་ཚུ་མེད་པའི་ དཀའ་ངལ་ཡོད་པའི་སྐོར་ལས་ གསལ་ཞུ་འབད་མི་དང་འཁྲིལ་ མི་དབང་མཆོག་གིས་ བུམ་ཐང་ལས་ ས་ཆ་ཌིས་༥༠ སྐྱིད་སྡུག་གནང་ཡོདཔ་ཨིན་པས།


ས་ཆ་དེ་ཡང་ མི་དབང་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ ས་སྣུམ་བཀྲམ་སྤེལ་ཁང་གི་ ས་ཁོངས་དང་ ད་རེས་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་ཀྱི་ཉེ་འདབས་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་དབང་མཆོག་གིས་ གུར་ཚུ་ཡང་ སྐྱིད་སྡུག་གནང་ཡོདཔ་བཞིན་དུ་ ས་ཁོངས་དེ་ནང་ རྩི་ས་ཚུ་བླུགས་ཏེ་ ལེགས་ཤོམ་སྦེ་ བཟོ་དགོཔ་ཡོད་ཟེར་ཨིན་པས།
ས་ཁོངས་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ དུས་ཅི་ སྤྱི་ཟླ་༢ པ་ མཇུག་བསྡུ་ཁམས་ལས་ འགོ་བཙུགས་ནི་ཨིནམ་ད་ དེ་བསྒང་ མཐོ་ཚད་ཕིཊ་༢ འབད་མི་ གྱང་རྩིག་རྐྱབ་ཐོག་ལས་ གནས་ཚད་ཅན་གྱི་ སྒྲའི་ལམ་ལུགས་ཚུ་དང་ལྡན་པའི་ ལས་རིམ་ཚུ་སྟོན་སའི་ འཁྲབ་སྟེགས་ཅིག་ བཟོ་སྐྲུན་འབད་ནི་ཨིན་ཟེར་ ཤེས་རབ་རྒྱལ་མཚན་གྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ དེ་ནང་ ལྟདམོ་ལྟ་མི་ཚུ་ སྡོད་ནིའི་དོན་ལུ་ རྐང་ཁྲི་ཚུ་ཡང་ བཙུགས་ནི་ཨིནམ་མ་ཚད་ གློག་བརྙན་སྟོན་ས་ཡང་ ལེགས་ཤོམ་སྦེ་ བཟོ་ནི་ཨིན་པས།
གལ་སྲིད་ལཱ་དེ་ མཐར་འཁྱོལ་འབྱུང་པ་ཅིན་ རྒྱལ་ཁབ་ཀྱི་ ལྷོ་མཚམས་རྫོང་ཁག་ཚུ་ནང་ཡང་ རྒྱ་བསྐྱེད་འབད་ནི་ཨིན་ཟེར་ ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ས་ཁོངས་དེ་ནང་ གློག་བརྙན་ཚུ་ སྟོན་ནི་རྐྱངམ་གཅིག་མེན་པར་ སྤྲོ་སྟོན་ལས་རིམ་གཞན་ཚུ་ཡང་ འགོ་འདྲེན་འཐབ་བཅུག་དགོཔ་སྦེ་ མི་དབང་མཆོག་གིས་ རྫོང་ཁག་ལུ་ བཀའ་གནངམ་མ་ཚད་ མི་སྡེ་དང་ ཆོས་སྡེའི་ ཞལ་འཛོམས་ཚུ་ཡང་ འགོ་འདྲེན་འཐབ་བཅུག་དགོཔ་སྦེ་ཨིན་པས།
ས་ཁོངས་དེ་ནང་ མི་གྲངས་༥༠༠ དེ་ཅིག་ ཤོང་ནི་དང་ དེ་གིས་ འབྲུག་གློག་བརྙན་ཚོགས་སྡེའི་ དཀའ་ངལ་རྐྱངམ་གཅིག་ བསལ་ཚུགས་ནི་མེན་པར་ མི་སྡེ་གཞན་ཚུ་ལུ་ཡང་ བྱ་སྟབས་བདེ་དྲགས་འབྱུང་འོང་ཟེར་ ཤེས་རབ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
མ་གཞི་ ད་ལྟོ་ཚུན་ བུམ་ཐང་གི་ སློབ་གྲྭ་ཁག་གི་ སྤྱི་དོན་ཁང་ཚུ་ གླ་ཁར་ལེན་ཐོག་ལས་ འབྲུག་པའི་གློག་བརྙན་ཚུ་ སྟོན་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ འབྲུག་གློག་བརྙན་ཚོགས་སྡེ་གིས་ མཁོ་ཆས་ཚུ་ ཉོ་བསྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་༧༠༠,༠༠༠ དེ་ཅིག་ ཟད་འགྲོ་གཏང་ནི་ཨིནམ་ད་ ས་ཁོངས་ནང་ ཇ་ཁང་ཆུང་ཀུ་ཅིག་དང་ ར་བ་ཚུ་ཡང་ ལེགས་ཤོམ་སྦེ་ རྐྱབ་ནི་ཨིན་པས།
ལས་འགུལ་དེ་ མོ་བཏབ་ཀྱི་དོན་ལུ་ཨིནམ་བཞིན་དུ་ མི་དབང་མཆོག་གིས་ ད་རུང་ རྫོང་ཁག་གཞན་ཚུ་ནང་ཡང་ སྐྱིད་སྡུག་གནང་ནི་སྦེ་ བཀའ་གནང་སྟེ་ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ ས་ཁོངས་དེ་ ལག་ལེན་འཐབ་མི་ཚུ་ལས་ ལཱ་འབད་མི་ཚུ་ལུ་ ཉིན་བསྟར་གྱི་ ཟད་འགྲོ་གཏོན་ནི་དང་ ཉམས་བཅོས་འབད་ནིའི་དོན་ལུ་ འཐུས་དུམ་གྲ་རེ་ བསྡུ་ནི་ཨིན་རུང་ ཚོང་འབྲེལ་གྱི་དོན་ལུ་དམིགས་ཏེ་མེན་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment