གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནགས་ཚལ་མེ་རྐྱེན་ནང་འབྲེལ་བ་ཡོད་མི་ བུཚ་༣ འཛིན་བཟུང་འབད་ཡོདཔ།

༣༠/༡/༢༠༡༣   ༉ དབང་འདུས་ཕོ་བྲང་ ཕོབ་སྦྱིས་རྒེད་འོག་ ཀུན་དགའ་ཐང་གཡུས་ཚན་ནང་ ནགས་ཚལ་མེ་རྐྱེན་ ཤོར་བའི་བསྒང་ཡོད་མིའི་ནང་ འབྲེལ་བ་ཡོད་མི་ དོགས་ཅན་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
མེ་རྐྱེན་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༡༠:༣༠ དེ་ཅིག་ལུ་ འགོ་བཙུགས་མི་དེ་གིས་ ད་ལྟོའི་བར་ན་ཡང་ བསད་མ་ཚུགས་པར་ཡོདཔ་ད་ ནགས་ཚལ་འགོ་དཔོན་ ཌམ་བར་ ཆེ་ཊི་རི་གིས་ སླབ་མིའི་ནང་ གནམ་མ་སྲོ་ཚུན་གྱི་རིང་ སྟོང་ཕུ་ཤིང་གི་ས་ཆ་ ཨེ་ཀར་༢༠,༠༠༠ ལྷགཔ་ཅིག་ འཚིགས་འཚིགསཔ་འོང་ཟེར་ཨིན་པས།

ཁ་ཙ་ ཕོབ་སྦྱིས་ཁ་ལུ་ ནགས་ཚལ་མེ་རྐྱེན་ཤོར་བའི་བསྒང་།


སྐྱེས་ལོ་༧ དང་༩ དེ་ལས་༡༢ ལང་མི་ དོགས་པ་ཅན་བུཚ་༣ མེ་རྐྱེན་ཤོར་སའི་ས་ཁོངས་ནང་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁོང་ལུ་དྲི་བཀོད་འབད་བའི་སྐབས་ རྐྱེན་ངན་ནང་ ཁོང་༣ འབྲེལ་བ་ཡོད་པའི་སྐོར་ལས་ ཁ་བཟེད་ཡི་ཟེར་ ཌམ་བར་ ཆེ་ཊི་རི་གིས་  སླབ་ཡོདཔ་ཨིན།
དོགས་ཅན་༣ ཆ་ར་ སློབ་ཕྲུག་ཨིནམ་ད་ ཁོང་གིས་ ཁ་ཙ་དྲོ་པ་ དཀྱིལ་འཁོར་ཐང་ས་གནས་ནང་ གཉེན་དར་སྦེ་ ཏི་རུ་ཕུལ་བཞག་མི་ཚུ་ འཐུ་བར་འགྱོཝ་ད་ མེ་ཊེ་སྒྲོམ་ཅིག་མཐོངམ་ལས་ མེ་བསྲོ་ནིའི་དོན་ལུ་ མེ་འཕུཝ་ད་ ཚར་གཅིག་གུ་ རླུང་མ་ཤུགས་སྦེ་ འཕུ་བའི་སྐབས་ མེ་རྐྱེན་ཤོར་སོ་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཌམ་བར་ ཆེ་ཊི་རི་གིས་ སླབ་མིའི་ནང་ ནགས་ཚལ་འགོ་དཔོན་ཚུ་ ཞིབ་དཔྱད་ནང་འགྱོ་བའི་སྐབས་ ནགས་མེ་ཤོར་སར་ མཐོང་ཡི་ཟེར་ཨིནམ་ད་ མེ་རྐྱེན་བྱུངམ་ཅིག་ར་ མེ་བསད་ནི་འགོ་བཙུགས་ཡོད་རུང་ གནམ་སྲོ་ནི་དེ་གིས་ ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ད་རིས་ དྲོ་པའི་ཆུ་ཚོད་༦ ལས་ འཕྲོ་མཐུད་དེ་ མེ་བསད་ནི་ཨིནམ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནུབ་མོའི་དུས་ཚོད་ལུ་ མེ་ཤུགས་སྦེ་འབར་བའི་ཁར་ མིག་ཏོ་གིས་ ལེགས་ཤོམ་མ་མཐོང་མི་ལུ་བརྟེན་ མེ་བསད་མི་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་མ་ཚད་ མེ་རྐྱེན་བྱུང་སའི་ ས་གོ་ལ་ལུ་ཅིག་ བྱག་དང་གཤོང་འབདཝ་ལས་ མེ་བསད་ནི་ལུ་ ལཱ་ཁག་ཡོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནུབམོ་ཅིག་ མེ་འབར་བ་ཅིན་ སྟོང་ཕུ་ཤིང་གི་ས་ཆ་ ཨེ་ཀར་༦༠,༠༠༠ དང་༧༠,༠༠༠ གི་བར་ན་ མེ་གིས་འཚིགས་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
སྟོང་ཕུ་ཤིང་ཚུ་ འཚིགས་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ མེ་བསད་མི་ཚུ་གིས་ འཕྲུལ་ཆས་པ་ཝར་ཅེན་ ལག་ལེན་འཐབ་ཐོག་ལས་ ཤིང་སྦོམ་ཚུ་ བརྡབ་ནིའི་དཔའ་བཅམ་རུང་ འབད་ཐབས་མ་འབྱུང་ཟེར་ཨིན་པས།
མེ་བསད་སྡེ་ཚན་ནང་ ནགས་ཚལ་འགོ་དཔོན་༤ དེ་ཅིག་དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་དང་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ལས་བྱེདཔ་ དེ་ལས་ གཡུས་མི་བརྒྱ་ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment