གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་བཙོང་ཁང་ནང་ གློག་མེའི་ཞབས་ཏོག་མེད་པའི་དཀའ་ངལ།

༢༥/༡/༢༠༡༣   ལོ་༥ འི་འཆར་གཞི་༡༡ པའི་ནང་ དགེ་ལེགས་ཕུག་ལུ་ ཚོད་བསྲེ་བཙོང་ཁང་གསརཔ་ བཟོ་སྐྲུན་འབད་ནི་ཨིནམ་མ་ཚད་ ཞབས་ཏོག་མཐུན་རྐྱེན་ཚུ་ཡང་ བཟོ་སྐྲུན་འབད་ནི་ཨིན་པས།
༉ དགེ་ལེགས་ཕུག་གི་ ཚོད་བསྲེ་ཁྲོམ་ཁར་ གནམ་བསྲོ་རནམ་ད་ ཚོད་བསྲེའི་ཚོང་སྒྱུར་འཐབ་པའི་སྐབས་ སྤྱ་རྩི་པེམ་འབར་དང་ ཉི་དྲོད་གློག་མེ་ཚུ་ ལག་ལེན་འཐབ་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
གནག་དུང་ནང་ སྤྱ་རྩི་པེམ་འབར་བཏེགས་ཏེ་ ཚོད་བསྲེ་བཙོང་པའི་བསྒང་།


ཚོད་བསྲེ་བཙོང་མི་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་ཐད་ཁར་ ག་གིས་ཡང་ ལྟ་དོ་མེདཔ་ལས་ ཚོད་བསྲེ་བཙོང་ཁང་ཚུ་ནང་ གློག་མེའི་ཞབས་ཏོག་བྱིན་ནི་དེ་ གཉིད་ལམ་བཟུམ་ཅིག་སྦེ་ ཚོརཝ་མས་ཟེར་ཨིན་པས།
བདུན་ཕྲག་ངལ་གསོ་མེད་པའི་སྐབས་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་མི་ ཚོང་ཁང་ཚུ་ནང་ལས་ ཚོད་བསྲེ་ཚུ་ བཙོང་དོ་ཡོདཔ་ད་ རེས་གཟའ་སྤེན་པ་ ཉི་མ་ ཟླ་བ་ལུ་ ཚོད་བསྲེ་ཁྲོམ་ཁ་ལས་ བཙོང་མི་ཚུ་གིས་ གློག་མེའི་ཞབས་ཏོག་དགོ་པའི་ གསལ་ཞུ་འབད་བར་ དྲུང་ཁག་དང་ ཁྲོམ་སྡེ་ དེ་ལས་ འབྲུག་གློག་མེ་ལས་འཛིན་ཚུ་ནང་ སོང་ཡོདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོད་བསྲེ་ཁྲོམ་ཁར་ གློག་མེའི་མཐུན་རྐྱེན་མེད་མི་དེ་ལུ་ རྒྱབ་སྐྱོར་འབད་ནིའི་ཚབ་ ད་རུང་ ཉེ་འདབས་ཀྱི་ ཚོང་ཁང་ཚུ་ནང་ལས་ མཐུད་སྦེལ་འབད་དེ་ ལག་ལེན་འཐབ་མས་ཟེར་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་ བཀལ་ཡི་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་༢༢ ཀྱིས་ བཤད་མི་དང་འཁྲིལཝ་ད་ གློག་མེའི་ཞབས་ཏོག་ལེན་ནིའི་དོན་ལུ་ འགོ་དང་པ་ དྲུང་ཁག་ལུ་ ཞུ་བ་འབད་ཡོདཔ་བཞིན་དུ་ དྲུང་ཁག་གིས་སྦེ་ ཁྲོམ་སྡེ་ནང་ བཏང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ཁྲོམ་སྡེའི་ཡིག་ཚང་ནང་ ནམ་ར་འགྱོ་རུང་ བལྟ་གེ་ཟེར་ སླབ་སྡོདཔ་མས་ཟེར་ སྐྱེས་ལོ་༣༨ ལང་མི་ ཨམ་སྲུ་ཅིག་གིས་ བཤདཔ་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་གིས་ འབྲུག་གློག་མེ་ལས་འཛིན་ལུ་ གློག་མེ་མཐུད་སྦྲེལ་འབད་ནིའི་དོན་ལུ་ ཞུ་བ་འབད་ཡོདཔ་བཞིན་དུ་ ཁོང་གིས་འབད་བ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ གནང་བ་མེད་པ་ཅིན་ མཐུད་སྦྲེལ་འབད་དེ་ བྱིན་མི་ཆོག་ཟེར་ སླབ་མས་ཟེར་ ཚོད་བསྲེ་བཙོང་སྡོད་མི་ གཞན་ཅིག་གིས་ སླབ་ཨིན་པས།
ག་དེམ་ཅིག་ར་ ཞུ་བ་འབད་རུང་ གློག་མེ་བྱིན་མ་བཏུབ་པའི་ཤུལ་ལས་ ཚོང་ཁང་ཚུ་ནང་ལས་ མཐུད་སྦྲེལ་འབད་དེ་ ལག་ལེན་འཐབ་པའི་ཤུལ་ལུ་ ན་ཧིང་ གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ མི་རེ་ལུ་ དངུལ་ཀྲམ་༥༠༠ རེ་ ཉེས་བྱ་བཀལ་ཡོདཔ་ཨིན་པས།
ལོ་ངོ་༨ ཀྱི་རིང་ ས་གནས་ནང་ ཚོད་བསྲེ་བཙོང་སྟེ་ སྡོད་མི་ཅིག་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་གི་ ཚོང་པ་ཚུ་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པར་ ཁྲོམ་སྡེ་ཀ་པའི་ནང་ ག་དེ་སྦེ་ དབྱེ་དཔ་ཨིན་ན་ མ་ཤེས་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་ཚུ་གི་དོན་ལུ་ གློག་མེ་མེདཔ་མ་ཚད་ འཐུང་ཆུའི་དཀའ་ངལ་ཡང་ སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ལོ་ངོ་༤ ཀྱི་རིང་ ཚོད་བསྲེ་བཙོང་སྡོད་མི་ ཨམ་སྲུ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ མོ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཚོད་བསྲེའི་རིགས་ཚུ་བཙོང་སྟེ་ ཨ་ལུ་ཚུ་ གསོ་སྐྱོང་འཐབ་མ་ཚད་ ཤེས་ཡོན་སྤྲོད་མི་དེ་ གོ་སྐབས་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་འབདཝ་ད་ ཚོད་བསྲེ་བཙོང་ཁང་ཚུ་ནང་ གློག་མེ་མེད་པའི་བསྒང་ལས་ ཚོང་མགྲོན་པ་ཚུ་ལུ་ ཚོད་བསྲེ་ཚུ་ ཀེ་ཇི་གུ་ མཇལ་བྱིན་ནི་དང་ ཏི་རུ་སྤྲོད་པའི་སྐབས་ མིག་གིས་མ་མཐོང་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ཁྲོམ་དཔོན་ རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་སྡེའི་ཁ་ཐུག་ལས་ ཚོད་བསྲེ་བཙོང་ཁང་ཚུ་ ཉམས་བཅོས་འབད་དེ་ཡོདཔ་མ་ཚད་ ཚོད་བསྲེ་བཙོང་ཁང་ཚུ་ནང་ གློག་མེའི་ཞབས་ཏོག་ བཙུགས་མི་བྱིན་ཟེར་བའི་ལོ་རྒྱུས་ སླབ་ར་མ་སླབ་ཟེར་ཨིན་པས།
ལོ་༥ འི་འཆར་གཞི་༡༡ པའི་ནང་ དགེ་ལེགས་ཕུག་ལུ་ ཚོད་བསྲེ་བཙོང་ཁང་གསརཔ་ བཟོ་སྐྲུན་འབད་ནི་ཨིནམ་མ་ཚད་ དེ་ནང་ ཞབས་ཏོག་མཐུན་རྐྱེན་ཚུ་ཡང་ ག་ར་ཚངམ་སྦེ་ བཟོ་སྐྲུན་འབད་བྱིན་ནིའི་ འཆར་གཞི་ཡོད་ཟེར་ ཁྲོམ་དཔོན་རྣམ་རྒྱལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment