གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཀྲམ་ས་ཡ་༤.༥ གནས་པའི་ གླངམོ་ཆེའི་མཆེཝ་ཆ་༢༥ ས་མཚམས་ཕྱི་ཁར་ བཙོང་ཡོདཔ།

༢༢/༡/༢༠༡༣   ༉ ཐིམ་ཕུ་དང་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ དེ་ལས་ སྤ་རོའི་རྫོང་ཁག་ཚུ་ནང་ ལྷ་ཁང་༦ ཨར་རྐུན་ཤོར་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པའི་ཡིག་ཚང་གིས་ ཨར་རྐུན་འབད་མི་ཚུ་གི་སྐོར་ལས་ གསང་བའི་སྙན་ཞུ་འབད་བ་ཅིན་ གསོལ་རས་དངུལ་ཀྲམ་༡༠༠,༠༠༠ བྱིན་ནི་ཨིན་ཟེར་ གསལ་བསྒྲགས་འབད་བའི་ཤུལ་ལུ་ ཨར་རྐུན་ནང་ འབྲེལ་བ་ཡོད་མི་དག་པ་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།


སྤྱི་ཟླ་༡ པའི་ཚེས་༡༩ ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཨར་རྐུན་ནང་ འབྲེལ་བ་ཡོད་མི་༡༡ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ གོང་ཚད་དངུལ་ཀྲམ་ས་ཡ་༤.༥ གནས་པའི་ གླངམོ་ཆེའི་མཆེཝ་ ཆ་༢༥ ས་མཚམས་བརྒལ་ཏེ་ བཙོང་ཡོདཔ་ཨིན་པས།
ཟླ་ངོ་༡༧ གྱི་ནང་འཁོད་ལུ་ གླངམོ་ཆེའི་མཆེཝ་༡༣ དང་ ནོར་བུ་བསེ་ལིའི་རྭཝ་༡ པོ་དེ་ དབང་འདུས་ཕོ་བྲང་གི་ སྤང་གཤོང་དགོན་པ་ ཤོར་སྦ་ལྷ་ཁང་དང་ མར་སི་སྤོག་ཏོ་ལྷ་ཁང་ ཐིམ་ཕུ་ སྤུག་མོ་ལྷ་ཁང་ སྤུ་ན་ཁ་ མྱང་མེད་དགོན་པ་ དེ་ལས་ སྤ་རོ་ཨྱོན་རྩེ་མོ་ལྷ་ཁང་ནང་ལས་ ཨར་རྐུན་ཤོར་ཡོདཔ་ཨིན་པས།
སྤ་རོ་ཨྱོན་རྩེ་མོ་ལྷ་ཁང་ནང་ལས་ ཨར་རྐུན་འབད་མིའི་སྐོར་ལས་ གསང་བའི་སྙན་ཞུ་འབད་མི་ཅིག་གིས་ བརྡ་སླབ་པའི་ཤུལ་ལས་ སྤ་རོའི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཨར་རྐུན་ནང་ འབྲེལ་བ་ཡོད་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་༢ པོ་དེ་གིས་ ཨྱོན་རྩེ་མོ་ལྷ་ཁང་ནང་ལས་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ གླངམོ་ཆེའི་མཆེཝ་ཆ་༡ ཨརཝ་རྐུན་འབད་ཡོད་པའི་སྐོར་ལས་ རྫུན་ཁ་བཟེད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་གིས་ མཆེཝ་དེ་ དོགས་ཅན་ཕོ་སྐྱེས་༡ གི་ ཁྱིམ་གྱི་ ཉེ་འདབས་ལུ་ སྦ་བཞག་ས་ལས་ ལོག་ཐོབ་ཡོདཔ་ཨིན་པས།
ཕོ་སྐྱེས་༢ པོ་དེ་གིས་ ཐིམ་ཕུ་སྤུག་མོ་ལ་ལྷ་ཁང་ནང་ལས་ཡང་ གླངམོ་ཆེའི་མཆེཝ་ཆ་༡ སྤྱི་ཟླ་༡༡ པའི་ཚེས་༡༠ ལུ་ ཨར་རྐུན་འབད་ཡོད་པའི་ ཁ་བཟེད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ ཁོང་༢ ཀྱིས་ གླངམོ་ཆེའི་མཆེཝ་དེ་ ཕོ་སྐྱེས་༣ ལུ་ སྤྲོད་པའི་ཤུལ་ལས་ གཞན་མི་ཕོ་སྐྱེས་༣ གྱིས་ ས་མཚམས་བརྒལ་ཏེ་ དངུལ་ཀྲམ་འབུམ་༣ ལྷགཔ་རེ་སྦེ་ བཙོང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ གླངམོ་ཆེའི་མཆེཝ་བཙོང་མི་ ཕོ་སྐྱེས་༣ ཆ་ར་ འཛིན་བཟུང་འབད་དེ་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ཟླ་༧ པའི་ནང་ དབང་འདུས་ཕོ་བྲང་ སྤང་གཤོང་དགོན་པ་ལས་ གླངམོ་ཆེའི་མཆེཝ་༡ ཨརཝ་རྐུན་འབད་མིའི་ཐད་ཁར་ གསང་བའི་སྙན་ཞུ་འབད་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་པའི་ཤུལ་ལས་ དབང་འདུས་ཀྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མིའི་ནང་ གླངམོ་ཆེའི་མཆེཝ་དང་ ཤ་མུ་ དེ་ལས་ དབྱར་རྩྭ་དགུན་འབུབ་ཚུ་ ཕྱིར་ཚོང་དང་ ནང་འདྲེན་འབད་ནི་དེ་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་འབདཝ་ལས་བརྟེན་ ཁྲིམས་སྲུང་འགག་པ་ཚུ་གིས་ ད་རེས་ནངས་པ་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment