གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རོང་མ་སྟེང་གཡུས་ཚན་ནང་ བྱཱར་དགུན་མེད་པར་ བཟའ་སྤྱོད་འབད་མི་ཚོད་བསྲེ།

༢༨/༡/༢༠༡༣   ༉ ལྷུན་རྩེ་ མཁོ་མང་རྒེད་འོག་གི་ རོང་མ་སྟེང་གཡུས་ཚན་དེ་ ས་ཁ་མཐོ་ས་ཅིག་ འབད་ནི་དེ་གིས་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་བཟུམ་སྦེ་ ཚོད་བསྲེ་གི་རིགས་ཚུ་ སྐྱེས་མི་བཏུབ་དོ་ཡོདཔ་ལས་ གཡུས་མི་ཚུ་གིས་ རི་ཁ་ལུ་སྐྱེས་མི་ དེས་མ་ཟེར་མི་ ཚོད་བསྲེ་གི་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ར་ བཟའ་སྤྱོད་འབད་དོ་ཡོདཔ་ཨིན་པས།
ནགས་ཚལ་ནང་སྐྱེས་མི་ཚོད་བསྲེ་ དེས་མ། པར་ ཀུན་བཟང་འཕྲིན་ལས།


ས་གནས་ནང་འབད་བ་ཅིན་ དེས་མ་ཟེར་ སླབ་མི་ སྐྱེ་ལྡན་གྱི་རིགས་དེ་ལུ་ ཚན་རིག་ལས་འབད་བ་ཅིན་ ཨིསི་མི་ལ་སི་ན་ པུ་པུ་རེ་ཡ་ཟེར་ སླབ་དོ་ཡོདཔ་ད་ དེས་མ་དེ་ རོང་མ་སྟེང་གཡུས་མི་ཚུ་གིས་ གནམ་བྱཱར་དགུན་མེད་པར་ བཟའ་སྤྱོད་འབད་མིའི་ ཚོད་བསྲེ་གི་རིགས་ཅིག་ ཨིན་ཟེར་སླབ་ཅི།
གཡུས་ཚན་ནང་གི་ གཡུས་མི་རྒན་ཤོས་ཚུ་གིས་ སླབ་མིའི་ནང་ དེས་མའི་ཚོད་བསྲེ་ བཟའ་སྤྱོད་འབད་ནིའི་སྲོལ་དེ་ དང་ཕུ་ཕ་མའི་སྐབས་ལས་ར་ འདུག་ཟེར་ཨིན་པས།
གཡུས་ཚན་དེ་ནང་གི་ མི་སེར་ཚུ་གིས་ འབྲུག་ཟླ་༤ པའི་ནང་ དེས་མ་ཚུ་བཏོགས་ཏེ་ ཚོདམ་སྦེ་ བཟོ་བཟའ་དོ་ཡོདཔ་མ་ཚད་ གནམ་དགུན་ལུ་ བཟའ་སྤྱོད་འབད་ནིའི་དོན་ལུ་ སྐམ་ཞིནམ་ལས་ གསོག་འཇོག་འབད་དེ་ བཞགཔ་ཨིན་པས།
རོང་མ་སྟེང་ལས་ སྐྱེས་ལོ་༤༠ ཞེ་གྲངས་འབད་མི་ ཀརྨ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་གིས་ དུས་ཅིའི་དོན་ལུ་ དེས་མ་སྐམ་ ཀེ་ཇི་༡༠ དེ་ཅིག་གི་རྩིས་ གསོག་འཇོག་འབད་བཞག་སྟེ་ ཡོད་ཟེར་ཨིནམ་ད་ དེ་ཚུ་ གནམ་དགུན་ ཚོད་བསྲེ་གཞན་དང་གཅིག་ཁར་ སླ་བསྲེ་ཐོག་ལས་ ཚོདམ་བསྐོལ་བཟའཝ་ཨིན་ཟེར་ཨིན་པས།
ཨ་ལུ་༦ གི་ ཨ་པ་ཨིན་མི་ ཀརྨ་གིས་འབད་བ་ཅིན་ གནམ་བྱཱར་ ཆརཔ་ཉིན་མཚན་མེད་པར་ རྐྱབ་མི་ལུ་བརྟེན་ དེས་མ་ཚུ་ སྐམ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ གཡུས་ཚན་ནང་ ལ་ཕུག་དང་ ཀེ་བ་ དེ་ལས་ ཧོན་ཚོད་ཚུ་མ་གཏོགས་ གཞན་སྐྱེས་མ་བཏུབ་མི་ལུ་བརྟེན་ དེས་མ་ མ་བཟའ་བར་ ཐབས་མིན་འདུག་ཟེར་ཨིན་པས།
གཞན་མི་ཚོད་བསྲེ་གི་རིགས་ཚུ་ མཁོ་མང་དང་ ལྷུན་རྩེ་ལས་ ཉོ་འབག་དོ་ཡོདཔ་ད་ འབྲུག་ཟླ་༦ པའི་ནང་ གཡུས་ཚན་གྱི་ ས་གནས་ཚུ་ནང་ དུང་ཤིང་ཤ་མུ་དང་ ཤ་མུ་གཞན་ཚུ་ སྐྱེས་དོ་ཡོདཔ་ལས་ དེ་ཚུ་ཡང་ བཟའ་སྤྱོད་འབད་བའི་ཁར་ སྐམ་བཞག་ནི་ཡང་ ཡོད་ཟེར་ཨིན་པས།
ཀརྨའི་ཁྱིམ་ནང་ལས་ ཆུ་ཚོད་ཕྱེད་དེ་ཅིག་ ལམ་འགྱོ་བའི་སྐབས་ ཚལ་མ་ནང་ལས་ དེས་མ་ཚུ་ ཐོབ་ཚུགསཔ་ཨིན་རུང་ གཡུས་མི་ཚུ་གིས་ ཁོང་རའི་ བཟའ་སྤྱོད་འབད་ནི་རྐྱངམ་གཅིག་མ་གཏོགས་ ཚོང་སྒྱུར་འཐབ་ནི་ མེད་ཟེར་ཨིན་པས།
གཡུས་མི་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ཉེ་འདབས་ཀྱི་ ཚལ་མ་ཚུ་ནང་ དེས་མ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ སྐྱེས་དོ་ཡོདཔ་ད་ ཚོད་བསྲེ་དེ་ སྐྱེ་བའི་དུས་ཚོད་ཁར་ ག་དེམ་ཅིག་ར་ བཏོགས་རུང་ ར་ཏོག་གུ་ལས་ ལོག་ལྕུག་གུ་རྒྱགས་དོ་ཡོདཔ་ཨིན་པས།
ན་ཧིང་ དབྱར་རྩྭ་དགུན་འབུབ་འཐུ་བའི་དུས་ཚོད་ཁར་ གཡུས་མི་ཚུ་གིས་ དེས་མ་བཏོགས་སར་མཐོང་མི་ མཁོ་མང་ལུ་ཡོད་པའི་ བུམ་སྡེ་གླིང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ཡིག་ཚང་གི་ གླིང་ཁའི་ནགས་ཚལ་འགོ་དཔོན་ ཀུན་བཟུང་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་མི་ཚུ་གིས་ ཚོད་བསྲེ་འདི་ རྒྱ་ཆེ་དྲགས་སྦེ་ར་ བསྡུ་བསྒྱོམ་འབད་དོ་ཡོདཔ་ལས་ གནས་སྟངས་དེ་ འཕྲོ་མཐུད་དེ་ར་ གནས་ཚུགས་པ་ཅིན་ མ་འོངས་པར་ རང་བཞིན་ཐོན་སྐྱེད་ལུ་ གནོད་སྐྱོན་ཚུ་ མི་བྱུང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
བུམ་སྡེ་གླིང་ རི་དྭགས་སྲུང་སྐྱོབ་ས་ཁོངས་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་ འདས་པའི་ཞིབ་འཚོལ་སྙན་ཞུ་ཅིག་ནང་ མི་རློབས་ཡར་སེང་འགྱོ་མི་དང་འཁྲིལ་ མི་ཚུ་གིས་ དེས་མ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ བཟའ་སྤྱོད་འབད་དོ་ཡོད་མི་ལུ་བརྟེན་ དེས་མ་གཏོགས་པའི་སྐབས་ ལྕུག་གུ་ཆུང་ཀུ་ཚུ་དང་ སྤགས་ཀོ་ དེ་ལས་ ར་ཏོ་ཚུ་ལུ་ གནོད་པ་རྐྱབ་དོ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ཡང་ རི་དྭགས་སྲུང་སྐྱོབས་ས་ཁོངས་ཀྱིས་ ཤིང་མེད་པའི་ས་ཁོངས་ནང་གི་ ཐོན་སྐྱེད ་ཡུན་བརྟན་གྱི་སྐོར་ལས་ ཞིབ་འཚོལ་ཅིག་འབད་མིའི་ནང་ འདི་བཟུམ་གྱི་ སྨིན་ནུས་ཅན་གྱི་ སྐྱེ་ལྡན་གྱི་རིགས་ཚུ་ ཚོད་བསྲེ་སྦེ་ བཟའ་སྤྱོད་འབད་བཏུབ་ལས་ མི་ཚུ་གིས་ རྒྱ་ཆེ་དྲགས་སྦེ་ར་ བསྡུ་བསྒྱོམ་འབད་མི་གིས་ ཡུན་བརྟན་བཞག་ནི་ལུ་ ཚ་གྱང་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
གླིང་ཁའི་ཁ་ཐུག་ལས་ སྐྱེ་ལྡན་གྱི་རིགས་ཚུ་ ཉམས་སྲུང་འབད་ནི་ལུ་ ཐབས་ཤེས་བཏོན་དགོཔ་ ཁག་ཆེཝ་སྦེ་སླབ་ཡོདཔ་ཨིན་པས།
རིང་ཚད་སེན་ཊི་མི་ཊར་༧༠ དེ་རེ་ སྐྱེས་མི་ ས་ཁ་མཐོ་སའི་ ཚོད་བསྲེ་གི་རིགས་དེ་ ཤིང་མེད་པའི་ས་གནས་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་ མི་ཊར་༣,༢༠༠ ལས་༤,༠༠༠ རེ་འབད་བའི་ ས་གནས་ཚུ་ནང་ སྐྱེས་དོ་ཡོདཔ་ད་ དེ་ལུ་ ལྗང་ནག་འབད་བའི་ འདབ་མ་གི་ཕྱི་ལས་ ཁ་དོག་དམརཔོ་འབད་བའི་ མཐའ་མཚམས་ཚུ་ ཡོདཔ་ཨིན་པས།
ཚོད་བསྲེ་དེས་མ་དེ་ སྤྱི་ཟླ་༥ པ་ལས་༦ པ་ཚུན་ མེ་ཏོག་སྦེ་ སྡོད་དོ་ཡོདཔ་ད་ སྤྱི་ཟླ་༨ པ་དང་༩ པའི་ནང་ དེ་གི་སོན་ཚུ་ འཚོ་དོ་ཡོདཔ་ཨིན་པས།
དེས་མ་ཚུ་ རྒྱ་ནག་གི་ནུབ་ཕྱོགས་དང་ ནེ་པཱལ་ དེ་ལས་ འབྲུག་གི་ས་གནས་ཚུ་ནང་ སྐྱེས་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment