གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་འོག་འཁོར་ལམ་དང་པ་ འགོ་འབྱེད་འབད་ཡོདཔ།

༢༨/༡/༢༠༡༣   ༉ ད་ལས་ཕར་ དབང་འདུས་ཕོ་བྲང་དང་ རྩི་རང་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་གིས་ དབང་འདུས་ཕོ་བྲང་གི་ས་གནས་ རུ་རི་ཆུ་ལུ་ལྷོདཔ་ད་ ཀི་ལོ་མི་ཊར་༡.༥ དེ་ཅིག་གི་རྩིས་ ས་འོག་འཁོར་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་དགོ་ནི་ཨིན་པས།
དབང་འདུས་རྫོང་བདག་ ལྷུན་གྲུབ་རྣམ་རྒྱལ་གྱིས་ རུ་རི་ཆུ་ལུ་ ས་འོག་གི་ འཁོར་ལམ་དང་པ་ འགོ་འབྱེད་འབད་བའི་བསྒང་།


སྤྱི་ཟླ་དང་པའི་ཚེས་༢༦ ལུ་ འགོ་འབྱེད་འབད་མི་ ས་འོག་འཁོར་ལམ་དེ་གིས་ གངས་རི་དང་ལྡན་པའི་ རྒྱལ་ཁབ་ཚུ་ནང་ ས་འོག་འཁོར་ལམ་བསལ་ནི་ལུ་ འོས་འབབ་ཡོད་པའི་ བརྡ་མཚོན་བཏོན་དོ་ཡོདཔ་ད་ ད་རེས་ཀྱི་འཁོར་ལམ་དེ་  སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་གིས་ བསལ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ད་རེས་ཀྱི་འཁོར་ལམ་རྙིངམ་བདའ་སྟེ་ འགྲུལ་འཁོར་ཚུ་ འགྲུལ་བསྐྱོད་འབད་ནི་ལས་བཀག་སྟེ་
རུ་རི་ཆུའི་ས་ཁོངས་ནང་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པའི་དོན་ལུ་ ཆུ་བྱག་རྐྱབ་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ དྲགོས་ཕུན་ཚོགས་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ སྤུ་ན་གཙང་ཆུའི་ གཡོན་ཁ་ཐུག་ལུ་ ཆུ་བྱག་གི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་རུང་ གཡས་ཁ་ཐུག་ལུ་ གཞུང་ལམ་ལུ་བརྟེན་ ཐོགས་ལུས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ས་འོག་འཁོར་ལམ་དེ་ལུ་བརྟེན་ སྤུ་ན་གཙང་ཆུའ་ གཡས་ཁ་ཐུག་གི་ ཆུ་བྱག་རྐྱབ་ནིའི་ལཱ་དེ་ཡང་ བདུན་ཕྲག་༡ དེ་ཅིག་ལས་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ཆུ་བྱག་གི་ལཱ་དེ་ དུས་ཅི་སྤྱི་ཟླ་༡༠ པ་ལུ་ མཇུག་བསྡུ་བའི་ཤུལ་ལས་ འཁོར་ལམ་རྙིངམ་དེ་ ལོག་སྒོ་ཕྱེ་ཐོག་ལས་ ས་འོག་འཁོར་ལམ་གྱི་ ལཱ་ལྷག་ལུས་ཚུ་ འཕྲོ་མཐུད་དེ་ འབད་ནི་ཨིན་པས།
ས་འོག་འཁོར་ལམ་དེ་ནང་ རྩི་ས་གཏང་ནི་དང་ ཆུ་གཡུར་བསལ་ནིའི་ལཱ་ཚུ་ འབད་མ་ཚར་བར་ཡོདཔ་བཞིན་དུ་ ཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ཚུན་ལུ་ འཁོར་ལམ་དེ་གི་ ལཱ་བརྒྱ་ཆ་༨༠ མཇུག་བསྡུ་ཡོདཔ་ལས་ ལཱ་ལྷག་ལུས་ཚུ་ མཇུག་བསྡུ་ནི་ལུ་ དུས་ཡུན་རིངམོ་སྦེ་ མི་འགོར་ཟེར་ཨིན་པས།
ས་འོག་ལམ་དེ་ དབང་འདུས་ཟམ་ལས་ ཀི་ལོ་མི་ཊར་༢༥ ལྷགཔ་ཅིག་གི་ ས་ཁར་ཡོདཔ་ད་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༥༠ ལྷགཔ་ཅིག་ བཞག་ས་ལས་ ད་ལྟོ་ཚུན་ལུ་ དངུལ་ཀྲམ་ས་ཡ་༤༨༨ ལྷགཔ་ཅིག་མ་གཏོགས་ ཟད་འགྲོ་མ་བཏངམ་ཨིན་པས།
ཉིནམ་དེ་ཁར་ དབང་འདུས་ཕོ་བྲང་ ཧེ་སུ་ཐང་ཁ་ལུ་ ཟམ་གསརཔ་བཟོ་སྐྲུན་འབད་མི་དེ་ཡང་ འགོ་བྱེད་འབད་ཡི།
ཟམ་དེ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཆུ་བྱག་རྐྱབ་ནི་གི་ ལཱ་འབད་ནིའི་དོན་ལུ་ རྐྱབ་ཡོདཔ་ཨིན་པས།
ཧེ་སུ་ཐང་ཁ་དེ་ དབང་འདུས་ཟམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་ཁར་ཡོདཔ་ད་ ཟམ་དེ་རྐྱབ་ནིའི་དོན་ལུ་ མ་དངུལ་ས་ཡ་༡༦ དེ་ཅིག་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment