གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་ལུ་ ཉེས་འཛུགས་ཁག་༢༣ བཀལ་ཡོདཔ།

༡༩/༡/༢༠༡༣   ཁྲོམ་ས་ལེ་ཤ་ཅིག་ ཁྱད་ཚད་མ་ཚང་མི་དང་ དབང་ཤུགས་ཅན་ཚུ་ བགོ་སྤྲོད་འབད་བའི་ ར་ཁུངས་བཀལ་ནུག།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ལུ་ ཉེས་འཛུགས་ཁག་༢༣ བཀལ་བའི་ སྒྲུབ་བྱེད་ཚུ་ སྤྱི་ཟླ་༡ པའི་ཚེས་༡༦ ལུ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཕུལ་མི་དང་འཁྲིལ་ དྲང་དཔོན་གྱིས་ རྩ་ཕན་ཚུ་ལུ་ སྒྲུབ་བྱེད་ཚུ་ རེ་རེ་བཞིན་དུ་ ལྷག་གནང་ཡི།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་བཀལ་མི་ སྒྲུབ་བྱེད་ཚུ་དང་འཁྲིལ་བ་ཅིན་ ཚོགས་དཔོན་ཁོ་ར་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དེ་ གཞུང་གིས་ གསལ་བཀོད་འབད་མི་ ལམ་ལུགས་དང་མ་འཁྲིལ་བར་ ཁྱད་ཚད་མ་ཚང་མི་ཚུ་གི་ནང་ལས་ཡང་ ཆེ་རིམ་ཅན་དང་ དབང་ཤུགས་ཅན་ཚུ་གིས་མ་ཚད་པར་ ཁོང་ལུ་ ཐད་ཀར་དང་ ཐད་ཀར་མིན་པའི་ ཉེ་ཚན་ཚུ་ལུ་ འབད་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་གིས་བཏོན་མི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ ཁྲོམ་སའི་གོ་སྐབས་དེ་ དང་པ་ར་ ས་གནས་དེ་ཁར་ ཁྲིམས་མཐུན་ཐོག་ལུ་ ཚོང་འབྲེལ་ཆོག་ཐམ་འཆང་སྟེ་ ཚོང་རྐྱབ་སྡོད་མི་ ཚོང་པ་ཚུ་ལུ་ སྤྲོད་དགོཔ་ད་ གཉིས་པ་དེ་ ས་གནས་དེ་ཁར་ ཁྱིམ་རྐྱབ་སྡོད་མི་ཚུ་ལུ་ བྱིན་ཞིནམ་ལས་རྐྱངམ་གཅིག་ གཞན་ལུ་བགོ་སྤྲོད་འབད་དགོཔ་ཨིན་རུང་ རྩོད་ཟླ་གིས་ བཀའ་རྒྱ་དང་ ཁྱད་ཚད་ལམ་ལུགས་ཚུ་ རྒྱབ་ཁར་བསྐྱུར་བཞག་སྟེ་ དབང་ཚད་ལོག་སྤྱོད་འབད་ནུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྒྲུབ་བྱེད་ནང་ གསལ་བཀོད་འབད་ནུག།
དེ་མ་ཚད་ རྩོད་ཟླའི་ཁྲི་འཛིན་གྱི་འོག་ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ཡང་ གཞུང་གིས་བཟོ་མི་ ཁྱད་ཚད་གུ་ བྱ་སྒོའི་ལམ་ལུགས་ཅིག་ བཟོ་ཡོད་མི་དེ་ནང་ ས་ཆ་དགོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་ ཁ་རྗེ་ཤོག་སྒྲིལ་འཐུ་བར་ ངོ་རྐྱང་སྦེ་ འོང་དགོཔ་བཟོ་ཡོདཔ་ལས་ ཁ་རྗེ་ཤོག་སྒྲིལ་འཐུ་བར་ མ་ལྷོད་མི་ཚུ་ ཚོགས་ཆུང་གིས་ དྲན་གསོ་བཀོད་བཞག་ཡོད་རུང་ རྩོད་ཟླ་གིས་ ཤོག་སྒྲིལ་འཐུ་བར་ མ་ལྷོད་མི་ཚུ་ལུ་ཡང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ ཁ་རྗེ་གདམ་འཐུ་འབད་བཅུག་ཐོག་ལས་ ས་ཆ་བགོ་བཀྲམ་འབད་ཡོདཔ་སྦེ་ སླབ་མི་དེ་ ཤེས་ཅི་མཐོང་ཅི་ གཞུང་ལུ་ མགུ་སྐོར་རྐྱབ་པའི་ ལག་ལེན་ཅིག་ཨིན་པས་ཟེར་བཀོད་ནུག་ (ཁྱད་ཚད་མ་ཚང་མི་དང་ ཁ་རྗེ་ཤོག་སྒྲིལ་འཐུ་བར་ མ་འོང་མི་ཚུ་ལུ་ ས་ཆ་བགོ་སྤྲོད་འབད་བའི་ ཐོ་ཡིག་ནང་གཟིགས)།
འོས་འབབ་མེད་མི་དང་ ཁ་རྗེ་ཤོག་སྒྲིལ་འཐུ་བར་ མ་འོང་མི་ཚུ་ལུ་ ས་ཆ་སྤྲོད་མི་དེ་ མགུ་སྐོར་གྱི་ ཉེས་འགལ་ཨིནམ་ལས་ རྩོད་ཟླ་ལུ་ ཁྲིམས་གཞུང་ཆེན་མོའི་དོན་ཚད་ ན་༡-༢ ཀྱི་ ཉེས་ཁྲིམས་སྨིན་དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༠༡ ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གིས་ ཞུ་ཡིག་བཙུགས་མི་༩༠ ལུ་ ཁྱིམ་ས་བགོ་སྤྲོད་ཀྱི་ ཁ་རྗེ་གདམ་འཐུ་ལམ་ལུགས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཞུ་ཡིག་བཙུགས་མི་༦༧ ཁ་རྗེ་ཤོག་སྒྲིལ་འཐུ་བར་ མ་འོངམ་སྦེ་ དྲན་གསོ་བཀོད་ཡོདཔ་མ་ཚད་ ཁྱིམ་ས་༤ གི་དོན་ལུ་ ག་ནི་ཡང་ མ་བྲིས་བར་སྟོངམ་སྦེ་ བཞག་པའི་ཁར་༤ སྔོན་མངགས་དང་༡༥ ལུ་ ཁྱིམ་སའི་ཨང་ཚུ་ སྤྲོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚོགས་ཆུང་གིས་ ཞུ་ཡིག་བཙུགས་མི་༤༣ ལུ་ ཁྲོམ་ས་བགོ་སྤྲོད་ཀྱི་དོན་ལུ་ ཁ་རྗེ་ཤོག་སྒྲིལ་ འཐུ་བཅུག་པའི་སྐབས་ མི་༡༩ མ་ལྷོདཔ་མ་ཚད་༤ ལུ་ ས་ཚན་རེ་ བགོ་སྤྲོད་འབད་ནུག།
སྙན་གསན་འགོ་བཙུགས་པའི་སྐབས་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ རྒྱལ་པོའི་ཞིང་ལས་ ས་ཆ་བགོ་སྤྲོད་འབད་ཡོད་མི་ སྐུ་འཁོར་ཚུ་གི་ཐད་ལུ་ འབྲེལ་ཡོད་དབང་འཛིན་གཞན་གྱིས་ མཛད་འོང་ཟེར་ སླབ་ཡོདཔ་ཨིན་རུང་ ཁྲིམས་འདུན་གྱིས་ མ་མཛད་མིའི་ གནད་དོན་ག་ཅི་ཨིན་ན་ གསལ་བཤད་མ་འབདཝ་ཨིན་པའི་གནས་ཚུལ།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་སྒྲུབ་བྱེད།
ས་ཆ་འཐོབ་ནི་གི་ འོས་འབབ་མེད་མི་དང་ ཁ་རྗེ་ཤོག་སྒྲིལ་འཐུ་བའི་སྐབས་ མ་ལྷོད་མི་ཚུ་ལུ་ བགོ་བཀྲམ་འབད་བའི་ རྩོད་ཟླ་ལུ་བཀལ་མི་ ཉེས་འཛུགས་ཁག་༢༣ གཤམ་གསལ་ལྟར།
༡) བཙན་སྐྱོགས་ཚེ་རིང་ལུ་ ས་ཆའི་ཐོབ་ཁུངས་མེདཔ་མ་ཚད་ ཁ་རྗེ་སྒྲིལ་ཤོག་འཐུ་བར་ཡང་ མ་ལྷོདཔ་ཨིན་རུང་ ཁྲི་འཛིན་གྱིས་ དབང་ཚད་ལོག་སྤྱོད་ཐོག་ ཆོ་ལུ་ ས་ཆ་ཕིཊ་གྲུ་བཞི་༥,༠༦༡ སྤྲོད་མི་དེ་ གཞུང་གི་ཚད་གཞི་ ས་ཆ་ཕིཊ་གྲུ་བཞི་༣༡༦༣.༤༤ ཨིན་མི་ལས་ ལྷག་སོ་ནུག།
༢) འཆི་མེད་སྒྲོལ་མ་གིས་ སྡོད་ཁྱིམ་ས་ཁོངས་ལས་ ཁྱིམ་ས་ཅིག་ དགོ་ནི་གི་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ བདེ་ཆེན་སེངྒེ་གིས་ ཐོབ་ལམ་མེདཔ་སྦེ་ དྲན་ཐོ་བཀོད་ཡོད་རུང་ མོ་ལུ་ ས་ཆ་སྤྲོད་ནུག།
༣) དེ་བསྒང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ རྫོང་ཁག་སྨན་བཅོས་འགོ་དཔོན་ ཌོག་ཊར་ངག་དབང་བསྟན་གྱིས་ བདག་འཛིན་ཐོག་ལུ་ འགྲོ་བ་བཟང་མོ་གིས་ ཁ་རྗེ་ཤོག་སྒྲིལ་འཐུ་བའི་སྐབས་མེད་རུང་ ས་ཚན་ཅིག་ཐོབ་ནུག།
༤) རྩོད་ཟླ་ཚོགས་དཔོན་གྱི་ཨམ་ པདྨ་ཆོས་སྒྲོན་གྱིས་ བུམོ་སྐྱེས་ལོ་༡༡ ལང་མི་ འཇིགས་མེད་ཆོས་སྒྲོན་གྱི་ མིང་ཐོག་ཁར་ ཁྲོམ་ཁ་ལས་ ས་ཚན་ཅིག་ དགོ་ནི་གི་ ཞུ་ཡིག་བཙུགས་ནུག།
༥) དེ་བསྒང་ དངུལ་རྩིས་བློན་པོ་སྦེ་བཞུགས་མི་ ཡེ་ཤེས་སྦྱིན་པ་གིས་ སྤྱི་ལོ་༢༠༠༡ ལུ་ ཞུ་ཡིག་བཙུགས་མི་དང་འཁྲིལ་ ཚོགས་དཔོན་གྱིས་ དབང་ཚད་ལོག་སྤྱོད་ཐོག་ ཁྲོམ་སྡེའི་ས་ཁོངས་ནང་མ་ཚུད་མི་ ཀུར་རི་ཆུ་ཕར་ཁ་ལས་ གཞུང་ས་ཨེ་ཀར་༡ སྤྲོད་ཡོདཔ་ད་ བློན་པོ་ལུ་ ས་ཆ་འཐོབ་ནི་གི་ འོས་འབབ་མེདཔ་མ་ཚད་ ཁ་རྗེའི་ཤོག་སྒྲིལ་འཐུ་བར་ཡང་མ་ལྷོད་པས།
༦) དེ་བསྒང་ ཁྲིམས་སྲུང་འགག་པའི་སྤྱི་དཔོན་ རིག་འཛིན་རྡོ་རྗེ་ལུ་ཡང་ དེ་བཟུམ་སྦེ་ ཚུལ་མིན་ཐོག་ལུ་སྤྲོད་ནུག།
༧) བསོད་ནམས་ལྷ་སྒྲོན་གྱིས་ སྤྱི་ལོ་༢༠༠༢ ལུ་ ཁྱད་ཚད་མ་ཚང་རུང་ སྡོད་ཁྱིམ་ས་ཁོངས་ནང་ལས་ ཁྱིམ་ས་ཕིཊ་གྲུ་བཞི་༡༠,༠༠༠ གནང་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་ད་ མོ་ལུ་ ཕིཊ་གྲུ་བཞི་༨,༩༠༦.༧༦ སྤྲོད་ཡོདཔ་ཨིན་པས།
༨) དེ་བསྒང་ དངུལ་རྩིས་དྲུང་ཆེན་ཨིན་མི་ བློན་པོ་དབང་འདུས་ནོར་བུ་གིས་ སྤྱི་ལོ་༢༠༠༡ ལུ་ ཁོ་ར་ བཟའ་ཚང་སྦོམ་ཤོས་ཅིག་ལས་ འོང་ནི་དེ་གིས་ ཁོ་ལུ་ གཞིས་བཅགས་ནི་གི་ ས་ཆ་མེདཔ་ལས་ ཁོ་རའི་བུ་ བསོད་ནམས་ནོར་བུ་གྱི་ མིང་ཐོག་ལུ་ ས་ཚན་ཅིག་གནང་ཟེར་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ས་ཚན་བགོ་སྤྲོད་ཀྱི་ ཚད་གཞི་དེ་ གྲུ་བཞི་ཕིཊ་༤,༦༤༨.༣༢ ཨིན་རུང་ རྩོད་ཟླ་གི་ ས་ཆ་གྲུ་བཞི་ཕིཊ་༡༠,༧༢༢.༥༦ སྤྲོད་ནུག་ཟེར་ཨིན་པས།
༩) སྐུ་སྲུང་དམག་མིའི་དམག་སྲིད་ དཀར་མདོག་གིས་ སྤྱི་ལོ་༡༩༩༩ ལུ་ ཁོ་གི་བུ་ བསོད་ནམས་སྟོབས་རྒྱས་ཀྱི་ མིང་ཐོག་ལུ་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ཁོ་ལུ་ཡང་ ས་ཆ་གྲུ་བཞི་ཕིཊ་༤,༦༤༨.༣༢ མེན་པར་  གྲུ་བཞི་ཕིཊ་༡༠,༧༢༢.༥༦ བགོ་སྤྲོད་འབད་ནུག།
༡༠) དེ་བསྒང་ ཀུར་རི་ཆུ་ལས་འགུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ཨིན་མི་ དྲགོས་ཚེ་དབང་རིག་འཛིན་གྱི་ཨམ་ ཀརྨ་ཆོས་སྒྲོན་གྱིས་ སྤྱི་ལོ་༡༩༩༨ ཟླཝ་༡ པའི་ཚེས་༢༨ ལུ་ མོ་གི་མོ་སྤུན་ བསོད་ནམས་དབྱངས་ཅན་གྱི་ མིང་ཐོག་ལུ་ ས་ཆ་དགོ་པའི་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ས་ཆ་གྲུ་བཞི་ཕིཊ་༩,༠༦༠.༠༩ སྤྲོད་ནུག།
༡༡) དྲགོས་ཚེ་བརྟན་རྡོ་རྗེ་གིས་ ཚེ་རིང་དཔལ་ལྡན་གྱི་ མགྲིན་ཚབ་ལུ་ ཚེས་གྲངས་མེད་པའི་ ཞུ་ཡིག་ཅིག་ བཙུགས་མི་ལུ་ཡང་ ས་ཆ་སྤྲོད་ནུག།
༡༢) དེ་བསྒང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དྲུང་ཆེན་ བློན་པོ་ཌོག་ཊར་ འཇིགས་མེད་སེངྒེ་གི་ཨམ་ བསོད་ནམས་བཟང་མོ་གིས་ སྤྱི་ལོ་༢༠༠༠ ལུ་ བུ་ཨྱོན་འཇམ་དབྱངས་བསྟན་འཕེལ་གྱི་ མིང་ཐོག་ལུ་ ཞུ་ཡིག་བཙུགས་ཏེ་ ས་ཆ་གྲུ་བཞི་ཕིཊ་༩,༠༢༧.༨༡ ཐོབ་ནུག།
༡༣) ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བགྲེསཔ་ འཇིགས་མེད་བཟང་པོ་གིས་ཡང་ ཁ་རྗེ་སྒྲིལ་ཤོག་འཐུ་བའི་སྐབས་ མ་ལྷོད་རུང་ ས་ཆ་ཚད་གཞི་ གྲུ་བཞི་ཕིཊ་༤,༦༤༨.༣༢ མེན་པར་ གྲུ་བཞི་ཕིཊ་༥,༣༧༣.༡༢ སྤྲོད་ནུག།
༡༤) དེ་བསྒང་ ཀཱོལ་ཀ་ཊ་ལུ་ གསོ་བའི་ལྷན་ཁག་གི་ འབྲེལ་འཛིན་འགོ་དཔོན་ རྒྱལ་མཚན་དབང་འདུས་ཀྱིས་ ཁྲི་འཛིན་གྱིས་ ས་ཆའི་ཞུ་ཡིག་བཙུགས་ཟེར་ སླབ་མི་དང་བསྟུན་ ཞུ་ཡིག་བཙུགས་ཏེ་ ས་ཚན་ཅིག་ཐོབ་ནུག།
༡༥) བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ ཕྱི་འབྲེལ་བློན་པོ་སྦེ་བཞུགསཔ་ད་ སྤྱི་ལོ་༢༠༠༢ ལུ་ རྒྱལ་པོའི་ཞིང་གི་ སྡོད་ཁྱིམ་ས་ཁོངས་ལས་ ཁྱིམ་ས་ཅིག་དགོཔ་སྦེ་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ཁྲི་འཛིན་གྱིས་ ས་ཆ་གྲུ་བཞི་ཕིཊ་༢༡,༧༨༠ སྤྲོད་ནུག།
༡༦) བརྒྱུན་འབྲེལ་བློན་པོ་བགྲེསཔ་ ལས་སྐྱིད་རྡོ་རྗེ་གིས་ ཁོ་རའི་བུམོ་ བསོད་ནམས་ལས་སྐྱིད་རྡོ་རྗེ་གི་ མིང་ཐོག་ལུ་ སྡོད་ཁྱིམ་ས་ཁོངས་ལས་ ཁྱིམ་ས་དགོཔ་སྦེ་ ཞུ་ཡིག་བཙུགས་ནུག།
༡༧) རྩོད་ཟླ་གིས་ ནང་སྲིད་ལྷན་ཁག་ནང་ ཚེ་དབང་རྒྱལ་པོའི་ བདག་འཛིན་ཐོག་ལུ་ ཚེ་རིང་བཟང་མོའི་ མིང་ཐོག་ལུ་ རྫུན་ཞུགས་གནས་ཚུལ་ཐོག་ ས་ཆ་བདག་དབང་གི་ ལག་ཁྱེར་སྤྲོད་ནུག།
༡༨) མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ བུམོ་པདྨ་ཆོས་སྒྲོན་གྱི་ མིང་ཐོག་ལུ་ ཞུ་ཡིག་བཙུགས་ནུག།
༡༩) སྤྱི་ལོ་༢༠༠༠ ལུ་ ཉི་མ་བཟང་མོའི་ མིང་ཐོག་ཁར་ ཞུ་ཡིག་བཙུགས་ཏེ་ རྩོད་ཟླ་གིས་ ཡིག་ཆ་རྫུས་བཟོ་དང་ ཉི་མ་བཟང་མོའི་ མིང་རྟགས་རྫུས་མ་བཀོད་དེ་ རྒྱལ་པོའི་ཞིང་ལས་ ས་ཚན་ཅིག་ སྤྲོད་ཡོདཔ་ད་ ཉི་མ་བཟང་མོ་གིས་ ས་ཚན་དགོ་ནི་གི་དོན་ལུ་ ཞུ་ཡིག་མ་བཙུགས་པས་ཟེར་ཨིན་པས།
མོ་གིས་ ས་ཆ་དགོ་འདོད་མ་བསྐྱེདཔ་མ་ཚད་ ག་གིས་ལན་ཡོདཔ་ཨིན་ན་མ་ཤེས་རུང་ ཚོགས་དཔོན་གྱིས་ ས་རིན་དང་ ས་ཁྲལ་ཚུ་ སྤྲོད་བཞིན་དུ་འདུག་ཟེར་ཨིན་པས།
༢༠) ད་རུང་ རྩོད་ཟླ་གིས་ ཉི་མ་བཟང་མོ་ལུ་ ས་ཚན་ཅིག་ སྤྲོད་ཡོདཔ་ལས་ མོ་གི་མིང་ཐོག་ཁར་ ཤིང་ཆས་ཀྱི་ སྐྱིད་སྡུག་ཐོབ་འོང་ཟེར་ ཁ་བཟེད་ཡོདཔ་ཨིན་པས།
ཁ་རྗེ་ཤོག་སྒྲིལ་འཐུ་བའི་སྐབས་འོང་མི་ ཞུ་ཡིག་བཙུགས་མི་ཚུ་གིས་ ཤོག་གུ་སྟོངམ་འཐུ་ཡོད་རུང་ དེ་ཚུ་ལུ་ཡང་ ས་ཚན་བགོ་སྤྲོད་འབད་ནུག།
༢༡) ལྷུན་རྩེའི་དྲང་དཔོན་ ཚེ་རིང་འབད་འདུས་ཀྱི་གནས་ཚང་ བྱང་ཆུབ་རྡོ་རྗེ་ལུ་ ས་ཚན་ཅིག་ སྤྲོད་ཡོད་མི་དེ་ཡང་ མོ་དང་ མོ་རའི་རྨགཔ་གིས་ རྩོད་ཟླ་འབད་སར་བཅར་ཏེ་ ས་ཚན་ཅིག་ གནང་དགོ་པའི་ ཞུ་བ་ཕུལ་མི་དང་ འཁྲིལ་ས་ཆ་སྤྲོད་ནུག།
༢༢) པདྨ་དབང་མོ་གིས་ཡང་ གཞུང་གི་ཚད་གཞི་དང་ མ་འཁྲིལ་རུང་ ཁ་རྗེ་སྒྲིལ་ཤོག་འཐུ་ནི་དེ་ མོ་གི་ངོ་ཚབ་ལུ་ རྨགཔ་གི་ནུམོ་གིས་ འཐུ་ཡོདཔ་ད་ དེ་བསྒང་ མོ་གིས་ཡང་ ཤོག་གུ་སྟོངམ་ཐོབ་ཡོད་རུང་ ཁྲི་འཛིན་གྱིས་ མོ་གིས་ ས་ཆ་གནང་ཟེར་ ཞུ་མི་ལུ་ངོས་ལེན་འབད་དེ་ ས་ཆ་སྤྲོད་ནུག་ཟེར་ཨིན་པས།
༢༣) མོང་སྒར་འབྲུག་ཤེས་རིག་བཟོ་སྐྲུན་ལས་སྡེའི་ བདག་འཛིན་ཐོག་ལུ་ བསོད་ནམས་རྒྱལ་མཚན་གྱིས་ སྤྱི་ལོ་༡༩༩༩ ལུ་ རྒྱལ་པོའི་ཞིང་ལུ་ ཁོ་རའི་ཚོང་འབྲེལ་ཅིག་ འགོ་བཙུགས་ནི་ཟེར་ ཁྲོམ་ས་ཅིག་ དགོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོད་རུང་ ཤོག་གུ་སྟོངམ་ཅིག་ འཐུ་ཆིཔ་ལས་ ས་ཚན་ཐོབ་མ་ཚུགས་པས། ཨིན་རུང་ དེ་བསྒང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ཁྲི་འཛིན་ཨིན་མི་ རྩོད་ཟླ་གིས་ སྐྱིད་སྡུག་གཟིགས་དགོ་པའི་ ཞུ་བ་འབད་མི་དང་འཁྲིལ་ ས་ཚན་ཅིག་སྤྲོད་དེ་ དབང་ཚད་ལོག་སྤྱོད་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment