གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་ དོགས་ཅན་༥ འཛིན་བཟུང་འབད་ཡོདཔ།

༢༥/༡༢/༢༠༡༢   གླ་འཁོར་དེད་གཡོགཔ་དང་ དགའ་སྐྱིད་གླིང་གཡུས་ཚན་གྱི་ རྩིསཔ་༢ ཆ་ར་ བཙན་བཟུང་འབད་མི་ སྡེ་ཚན་ཅིག་ཨིན་པའི་ ངོས་འཛིན་བྱུང་ནུག།
༉ འདས་པའི་ཟླཝ་ནང་ གསར་སྤང་ལས་ དགེ་ལེགས་ཕུག་ལུ་ འོང་བའི་ལམ་ཁར་ འབྲུག་མི་གཉིས་ དབང་བཙོང་གི་སྒོ་ལས་ ཁྱིད་སོང་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་པ་ཅན་༥ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་ལས་ དགེ་ལེགས་ཕུག་ལུ་འོངམ་ད་ གླ་འཁོར་དེད་གཡོགཔ་ བི་ནུ་ལཱལ་ སཱུན་ཝར་དེ་ དམག་གོ་གྱོན་མི་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ རྡོ་དང་ཤིང་ཚུ་གིས་ འཁོར་ལམ་བསུབས་ཏེ་ སྣུམ་འཁོར་བཀག་ཐོག་ལས་ བཙན་ཁྲིད་འབད་དེ་ ཞག་གྲངས་༢༦ བཞག་པའི་ཤུལ་ལུ་ རྒྱ་གར་གྱི་ས་གནས་ སཱན་ཏི་པུར་ཟེར་ས་ལས་ སྤུན་ཆ་ཚུ་གིས་ སྲོག་རིན་དངུལ་ཀྲམ་༢༡༠,༠༠༠ སྤྲོདཔ་ད་ ལོག་བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ཟླ་༡༡ པའི་ཚེས་༡༦ གི་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ གསར་སྤང་དགའ་སྐྱིད་གླིང་རྒེད་འོག་ལས་ དམག་གོ་གྱོན་མི་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ སྐྱེས་ལོ་༥༦ ལང་མི་ རྩིསཔ་རྡོ་རྗེ་ལ་དེ་ ཁྱིམ་ཚང་ཀུན་བཟང་ཆོས་འཕེལ་གྱི་ ཁྱིམ་ནང་སྡོདཔ་ད་ ཧང་སྟོང་མར་ འཛུལ་འོང་སྟེ་ ཁོ་གུ་ ཀྲོབ་མདའ་དཔག་སྟེ་ བཙན་ཁྲིད་འབད་ཡོདཔ་ད་ དེ་བསྒང་ ཉམས་རྒུད་པའི་གནས་ཚང་ སངས་རྒྱས་སྒྲོལ་མ་གིས་ རྒེད་འོག་ཚོགས་པ་ལུ་ འགྲུལ་འཕྲིན་བཏང་བའི་སྐབས་ མོ་གི་མགུ་ཏོ་ཁར་ ཀྲོབ་མདའི་དབྱུག་པ་གིས་ བླུགས་ཡོདཔ་མ་ཚད་ རྡོག་ཐལ་གྱིས་ ཚར་ལེ་ཤ་དྲང་སྟེ་ རྨ་སྐྱོན་བཏོན་པའི་ཤུལ་ལུ་ འགྲུལ་འཕྲིན་མོ་བཱ་ཡེལ་ཡང་ འཕྱོག་འབག་སོང་ཡོདཔ་ཨིན་པས།
དེ་ལས་ བཙན་ཁྲིད་འབད་མི་ཚུ་གིས་ ཀྲོབ་མདའ་རྐྱབ་ཐོག་ལས་ རྩིསཔ་རྡོ་རྗེ་ལ་དེ་ ས་མཚམས་བརྒལ་ཏེ་ བཙན་ཁྲིད་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩིསཔ་རྡོ་རྗེ་ལ་ བཙན་ཁྲིད་འབད་དེ་ ཉིན་གྲངས་༢ ཀྱི་ཤུལ་ལས་ར་ ཁོ་གི་གནས་ཚང་ སངས་རྒྱས་སྒྲོལ་མ་ལས་ འཕྱོག་འབག་མི་ འགྲུལ་འཕྲིན་ལག་ལེན་འཐབ་ཡོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འགྲུལ་འཕྲིན་ཨང་གྲངས་བརྟག་དཔྱད་འབད་བའི་སྐབས་ མི་ངན་ཚུ་གིས་ བི་མོ་བཱ་ཡེལ་དང་ བཀྲིས་འགྲུལ་འཕྲིན་གྱི་ ཨང་གྲངས་༤ ནང་ བཏང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབདཝ་ད་ བཀྲིས་འགྲུལ་འཕྲིན་གྱི་ ཨང་གྲངས་དེ་ ཧེ་མ་ གླ་འཁོར་དེད་གཡོགཔ་གི་ སྤུན་ཆ་ཚུ་ལུ་ འགྲུལ་འཕྲིན་བཏང་སྟེ་ སྲོག་རིན་འགྲིགས་མིའི་ ཨང་གྲངས་ཨིནམ་ལས་ རྩིསཔ་དང་ དེད་གཡོགཔ་གཉིས་ཆ་ར་ བཙན་ཁྲིད་འབད་མི་ སྡེ་ཚན་༡ ཨིན་པའི་ ངོས་འཛིན་བྱུང་ནུག།
ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་གྱིས་ དུས་རྒྱུན་དུ་ ལྟ་རྟོག་ཐོག་ འགྲུལ་འཕྲིན་གྱི་ གནས་སྡུད་འཚོལ་བའི་སྐབས་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་རྒེད་འོག་ནང་ལས་ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་ཨིན་པའི་ ངོས་འཛིན་ཐོག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་པ་ཅན་ ཕོ་སྐྱེས་དེ་གི་ཐོག་ལས་ ཞིབ་དཔྱད་སྡེ་ཚན་གྱིས་ རྩིསཔ་རྡོ་རྗེ་ལ་ བཙན་ཁྲིད་འབད་མི་༢ དང་ དུས་རྒྱུན་དུ་ འབྲེལ་བ་འཐབ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ རྒྱ་གར་ཨ་སམ་མངའ་སྡེའི་ས་གནས་ མུ་རེ་དང་ ཨུལ་ཏ་པ་ནི་ལས་ཨིན་མི་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་༢ ཆ་ར་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ གསར་སྤང་ཁྲོམ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ད་རུང་ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ ཀ་མི་ཁོ་ལ་ཞིབ་དཔྱད་འགེགས་སྲུང་ལས་སྐྱེས་ལོ་༢༥ ལང་མི་ དོགས་ཅན་གཞན་༡ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཁོ་ལུ་ འགྲུལ་འཕྲིན་གྱི་ སིམ་ཀཱཌ་༧ དང་ དངུལ་ཀྲམ་༣,༥༥༠ དེ་ཅིག་གི་ བི་མོ་བཱ་ཡེལ་གྱི་ བའུ་ཅར་འབག་སྟེ་ཡོདཔ་ཨིན་པས།
ཕྱི་མི་ཚུ་གིས་ འབྲུག་པའི་སིམ་ཀཱཌ་ག་དེ་སྦེ་ ཉོ་ཉོཝ་ཨིན་ན་ ཞིབ་དཔྱད་འབདཝ་ད་ གསར་སྤང་འབྲིང་རིང་སློབ་གྲྭ་གོང་མའི་སློབ་ཕྲུག་ཚུ་གིས་ ཁེ་སང་ཐོབ་མི་ལུ་ལྟ་སྟེ་ བཙོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ དོགས་ཅན་ཚུ་གིས་ རྩིསཔ་རྡོ་རྗེ་ལ་དེ་ བཙན་ཁྲིད་འབད་ཡོད་པའི་སྐོར་ལས་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
དོགས་ཅན་ཅིག་གིས་འབད་བ་ཅིན་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ ཕྱག་རྡོར་ལ་ཟེར་མི་དེ་ བཙན་ཁྲིད་འབད་ནི་ཨིན་རུང་ ངོ་འཛོལ་ཏེ་ རྩིསཔ་རྡོ་རྗེ་ལ་ བཙན་ཁྲིད་འབད་ད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱག་རྡོར་ལ་ བཙན་ཁྲིད་འབད་དགོ་པའི་ གནད་དོན་དེ་ཡང་ ཁོང་རའི་གཡུས་གཅིག་གི་ མི་༡ གིས་ ཕྱག་རྡོར་ལ་དང་ ཧིང་འགྲམ་ཡོདཔ་ལས་ བཙན་ཁྲིད་འབད་དགོཔ་སྦེ་ སླབ་ཡོད་རུང་ དོགས་ཅན་ཚུ་གིས་ ཁྱིམ་འཛོལ་ཏེ་ རྩིསཔ་རྡོ་རྗེ་ལ་དེ་ བཙན་བཟུང་འབད་དེ་ ཁྱིད་སོང་ནུག་ཟེར་ཨིན་པས།
བཙོན་ཁྲིད་འབད་དགོ་པའི་ ངན་བསྐུལ་འབད་མི་ སྐྱེས་ལོ་༦༩ ལང་མི་ ཕོ་སྐྱེས་དེ་ཡང་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ བཙན་ཁྲིད་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ མི་༧ ས་མཚམས་ཀྱི་ཕྱི་ཁར་ ཨ་སམ་གྱི་ས་གནས་ སེ་ལི་ཁ་གུ་རི་དང་ ཁུང་རིང་ ཀོ་ཀ་རོ་ཛར་ཚུ་ནང་ལས་ཨིན་ཟེར་ཨིན་པས།
དེ་ལས་ བྲོས་ཟུར་འབད་མི་ དོགས་ཅན་གཞན་ཚུ་ ཁྲིམས་ཀྱི་ངོས་ལེན་འབད་ནིའི་དོན་ལུ་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནི་ཟེར་ ཁྲིམས་སྲུང་འགག་པའི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གླ་འཁོར་དེད་གཡོགཔ་དང་ གཡུས་ཁའི་རྩིསཔ་༢ བཙན་ཁྲིད་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་ཆ་མཉམ་ར་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment