གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་བཞག་ཐང་བཟོ་སྐྲུན་གྱི་ཟད་འགྲོ་ སྒྲིང་ཁྱིམ་དང་འདྲ་མཉམ་གནས་དོ་ཡོདཔ།

༢༦/༡༢/༢༠༡༢   ༉ བཀྲིས་སྒང་ལུ་ སྣུམ་འཁོར་བཞག་ཐང་རྐྱབ་ནིའི་དོན་ལུ་ བཟོ་བཀོད་དང་ ཟད་འགྲོ་ཚུ་ ཁྱིམ་རྐྱབ་མི་ཚུ་བཟུམ་སྦེ་ར་ གནས་དོ་ཡོདཔ་ལས་ སྤྱིར་བཏང་གནས་སྟངས་ཐོག་གི་ བཟོ་བཀོད་འབད་མི་ཚུ་དང་ཕྱདཔ་ད་ ཟད་འགྲོ་ཚར་༥༠ གིས་ མཐོ་སུ་སྦེ་ གནས་ཡོདཔ་ཨིན་པས།
དེ་ཡང་ སྣུམ་འཁོར་༡༠༠ ཤོང་བའི་ བཞག་ཐང་གི་ས་ཁོངས་ཅིག་ བཟོ་བཀོད་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༩.༣༤༧ གནས་ཡོདཔ་ཨིན་པས།

བཟོ་སྐྲུན་འབད་མི་ སྣུམ་འཁོར་བཞག་ཐང་གསརཔ།


བཀྲིས་སྒང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་གསརཔ་ མི་ཊར་གྲུ་བཞི་༢༣༢༢.༧༥ འབད་མི་དེ་ ཁྲོམ་འོག་མ་ལས་ རྫོང་གི་སྒོ་ར་ཁ་ཚུན་ བཟོ་བཀོད་འབད་ཡོདཔ་ཨིན་པས།
ད་རུང་ ད་ལྟོའི་འབྲུག་གི་དངུལ་ཁང་ཡོད་ས་ལུ་ མི་ཊར་གྲུ་བཞི་༧༠༨ འབད་མི་ སྣུམ་འཁོར་བཞག་ཐང་ རྐྱབ་པའི་སྐབས་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ གནས་ཡོདཔ་ད་ ས་ཁོངས་དེ་ནང་ སྣུམ་འཁོར་༣༠ དེ་ཅིག་ ཤོང་དོ་ཡོདཔ་ཨིན་པས།
ཟད་འགྲོ་མཐོ་དྲགས་སྦེ་ གནས་མི་དེ་ཡང་ བྱག་ཡོད་པའི་ ས་ཁོངས་དོག་དྲགས་འབད་མི་ཚུ་ནང་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་གི་དོན་ལུ་ རྡོ་རུ་ཚུ་བླུགས་ཏེ་ སའི་གཞི་འགྱམ་བཙུགས་དགོཔ་ད་ རྩི་གནག་བཏང་དགོཔ་ཡོདཔ་ལས་ བཟོ་རིག་གི་ལཱ་ ལེ་ཤ་འབད་དགོ་མི་ལུ་བརྟེན་ཨིན་པས།
བཀྲིས་སྒང་ལུ་ སྣུམ་འཁོར་ཚུ་ བྱ་སྟབས་བདེ་ཏོག་ཏོ་ཐོག་ལུ་སྦེ་ རྒྱུན་འགྲུལ་འཐབ་ཚུགས་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༤ དེ་ཅིག་བཏང་ཐོག་ལས་ སྣུམ་འཁོར་བཞག་ཐང་ བཟོ་བཀོད་འབད་ཡོདཔ་ཨིན་རུང་ སྣུམ་འཁོར་ཆེ་བ་བཞག་སའི་ ས་ཁོངས་ཚུ་མེདཔ་ཨིན་པས།
དེ་ལས་ གླ་འཁོར་བཞག་སའི་ ས་ཁོངས་ཚུ་ཡང་མེདཔ་ལས་ ད་ལྟོ་ ཁྲོམ་ཁར་ གླ་འཁོར་༣༠ དེ་ཅིག་ ཡོད་མི་ཚུ་གི་དོན་ལུ་ སྣུམ་འཁོར་༡༡ དེ་ཅིག་ཤོང་ཚད་ཡོད་པའི་ མ་ཎི་དུང་འཁོར་ཉེ་འདབས་ཀྱི་ སྣུམ་འཁོར་བཞག་ཐང་དེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ད་རེས་ཁམས་ཅིག་ཁར་ ཁྲོམ་སྡེ་ལས་འཛིན་གྱིས་ སྣུམ་འཁོར་ཆེ་བ་ཚུ་ བཞག་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་ཡིག་ཚང་གི་ རྒྱབ་ཕྱོགས་ལུ་ཡོད་པའི་ཟམ་དེ་ བརྡལ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་འོགམ་ པདྨ་ཆོས་སྐྱིད་ཀྱིས་སླབ་མིའི་ནང་ གལ་སྲིད་ ཟམ་དེ་ བརྡལ་ཚུགས་པ་ཅིན་ ས་ཁོངས་ཚུ་ལངམ་སྦེ་ འཐོན་ནི་ཨིན་མི་ལུ་བརྟེན་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་དེ་ བསལ་ཚུགསཔ་འོང་ཟེར་ཨིནམ་ད་ ད་རེས་ འགྲུལ་སྐྱེལ་བཱསི་བཞག་སའི་ཉེ་འདབས་ཀྱི་ གླ་འཁོར་བཞག་ཐང་ནང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་གསརཔ་ཅིག་ཡང་ རྐྱབ་ནི་ཨིན་པས།
འགྲུལ་སྐྱེལ་བཱསི་བཞག་སའི་ས་ཁོངས་དེ་ དབང་འཛིན་ཡིག་ཚང་གི་ ཉེ་འདབས་ལུ་བཟོ་ནི་ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་ སྣུམ་འཁོར་བཞག་སའི་ ས་ཁོངས་ཐེབས་བཟོ་ནིའི་དོན་ལུ་ འཆར་གཞི་ཚུ་ བརྩམ་པའི་བསྒང་ར་ ཡོདཔ་ཨིན་པས།
འཆར་གཞི་འགོ་དཔོན་འོགམ་ འཕྲིན་ལས་ཀྱིས་འབད་བ་ཅིན་ སྣུམ་འཁོར་བཞག་སའི་ས་ཁོངས་ ཧེང་བཀལ་བཟོ་ནི་དང་ འཁོར་ལམ་ཚུ་སེལ་ནིའི་དོན་ལུ་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༠ བཞག་སྟེ་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་བཤད་མིའི་ནང་ ད་ལྟོ་ཡོད་པའི་ སྣུམ་འཁོར་བཞག་སའི་ ས་ཁོངས་༢ ཡོད་མི་གུ་ ད་རུང་ འབྲུག་དངུལ་ཁང་་ཡིག་ཚང་གི་ ཉེ་འདབས་ལུ་ཡོད་པའི་ མི་ཐི་གྲང་རོང་ཆུའི་སྦོ་ལོགས་ཁར་ ས་ཁོངས་ཆུང་ཀུ་ཅིག་དང་ སོ་ནམ་ཐོན་སྐྱེད་བཙོང་སའི་ས་ཁོངས་ནང་ཡང་ ས་ཁོངས་ཅིག་ བཟོ་ནི་ཨིན་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཡོད་པའི་ འབྲུག་བརྒྱུད་འཕྲིན་གྱི་ཡིག་ཚང་དེ་ སྤོ་བཤུད་འབད་ནི་ཨིནམ་ལས་ ས་ཁོངས་དེ་ནང་ཡང་ སྣུམ་འཁོར་བཞག་ཐང་ཆུང་ཀུ་ཅིག་ འཐོན་ནི་བཟུམ་ ཡོད་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ སྣུམ་འཁོར་༢,༥༠༠ དེ་ཅིག་ཡོདཔ་ད་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་དེ་ སྣུམ་འཁོར་གྱི་གྱངས་ཁ་ལུ་བརྟེན་ཏེ་མེན་མི་དེ་ཡང་ བཀྲིས་གཡང་རྩེ་དང་ རྫོང་ཁག་གཞན་ཚུ་ནང་ལས་འོང་མི་ སྣུམ་འཁོར་ཚུ་ ཁྲོམ་དེ་ནང་ སྤུངས་འཛོམས་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྲོམ་ཁར་ སྣུམ་འཁོར་བཞག་སའི་ས་ཁོངས་ཚུ་ ལེ་ཤ་ཅིག་ར་བཟོ་སྐྲུན་འབད་ཡོད་རུང་ དེ་གིས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ བསལ་མི་ཚུགསཔ་འོང་ཟེར་ཨིནམ་ད་ འཕྲིན་ལས་ཀྱིས་འབད་བ་ཅིན་ ད་རེས་བཟོ་བཀོད་འབད་མི་ སྣུམ་འཁོར་བཞག་ཐང་དེ་གིས་ གནས་སྐབས་ཅིག་གི་དོན་ལུ་ དཀའ་ངལ་དེ་བསལ་ཚུགས་རུང་ མ་འོངས་པར་ སྣུམ་འཁོར་གྱི་གྱངས་ཁ་ཚུ་ ཡར་སེང་འགྱོ་བའི་བསྒང་ལས་ དཀའ་ངལ་དེ་ ད་ལྟོའི་གནས་སྟངས་ནང་བཟུམ་སྦེ་ར་ འཐོན་འོང་ཟེར་ཨིན་པས།
ཁྲོམ་སྡེའི་ཁ་ཐུག་ལས་འབད་བ་ཅིན་ ད་ལྟོ་ ཁྲོམ་ཁར་ཡོད་པའི་ས་ཁོངས་ཚུ་ ཆུང་ཀུ་ཅིག་ཡང་མ་བཞག་པར་ སྣུམ་འཁོར་བཞག་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་ལས་ མ་འོངས་པ་ལུ་ གདམ་ཁ་མི་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment