གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རླུང་འཚུབས་ཀྱིས་ ཁྱིམ་༢ ཀྱི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ།

༢༢/༡༢/༢༠༡༢    ༉ སྤྱི་ཟླ་༡༢ པའི་ཚེས་༢༠ གི་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ལུ་ ཧཱ་རྫོང་ཁག་ནང་ རླུང་འཚུབས་འཕུ་མི་ལུ་བརྟེན་ དཀར་འཚོ་རྒེད་འོག་ ཧཱ་ཁྲོམ་གྱི་ཉེ་འདབས་ལུ་ སྒྲིང་ཁྱིམ་༢ ཀྱི་ ཁྱིམ་ཐོག་ཚུ་ ཆ་མཉམ་ར་ འཕྱགས་བདའ་ཡོདཔ་ཨིན་པས།
རླུང་འཚུབས་ཀྱིས་ ཁྱིམ་ཐོག་འཕྱགས་བདའ་མི་ ཁྱིམ་༣ གྱི་གྲས་ལས་༡། པར་བཏབ་མི་: བསོད་ནམས་དབང་ཕྱུག།


མ་གཞི་ རླུང་འཚུབས་དེ་གིས་ ཁྱིམ་༣ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་རུང་ ཁྱིམ་༡ ལུ་ དུམ་གྲ་ཅིག་ལས་བརྒལ་ གནོད་སྐྱོད་མ་བྱུངམ་ཨིན་པས།
གནོད་སྐྱོན་བྱུང་མི་ ཁྱིམ་གྱི་ཇོ་བདག་ཅིག་ཨིན་མི་ སྐྱེས་ལོ་༤༧ ལང་མི་ ཀ་ཀ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་བྱུང་པའི་སྐབས་ ཁོ་ར་ གཡུས་ཁར་ཡོདཔ་ད་ ཁྱིམ་ཚང་ཚུ་གིས་ ཁོ་གི་ཁྱིམ་གྱི་ ཁྱིམ་ཐོག་ཚུ་ རླུང་མ་གིས་ འཕྱགས་བདའ་ཡོད་པའི་སྐོར་ལས་ འགྲུལ་འཕྲིན་ལྷོད་ཅི་ཟེར་ཨིན་པས།
དེ་འཕྲོ་ལས་ ས་ཁོངས་ནང་འོངམ་ད་ ཁོ་རའི་ཁྱིམ་གྱི་ ཁྱིམ་ཐོག་ཚུ་ ཧིང་སངས་ས་སྦེ་ར་ འཕྱགས་བདའ་ཡོདཔ་མ་ཚད་ གྱང་རྩིག་ཡང་ དུམ་གྲ་ཅིག་རམ་སྟེ་ ཁྱིམ་ནང་བུད་མི་དེ་གིས་ མེ་བསྲོ་ནིའི་ བུ་ཁ་རི་ཅིག་ཡང་ མེདཔ་བཏང་ནུག་ཟེར་ཨིན་པས།
དེ་བསྒང་ ཁ་རྗེ་ཅིག་ལུ་བརྟེན་ གནོད་སྐྱོན་བྱུང་མི་ ཁང་མིག་ནང་ ཁང་གླར་སྡོད་མི་ཚུ་ ག་ཡང་མ་སྡོདཔ་ད་ ཨ་རྟག་འབད་བ་ཅིན་ ཁང་མིག་དེ་ནང་ བུམོ་༡ ཨ་ལུ་ལྟ་སྟེ་ སྡོད་དོ་ཡོདཔ་ཨིན་རུང་ དེ་ཚེ་ བུམོ་དེ་ ཨ་ལུ་འབག་སྟེ་ འོག་ཐོག་གི་ ཁང་མིག་ཅིག་ནང་ སྡོད་ནུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལྕགས་ཤོག་ཚུ་ བཀུམ་བཏངམ་མ་ཚད་ དོང་སྤེད་ཡོདཔ་ལས་ ལོག་སྟེ་ ལག་ལེན་འཐབ་བཏུབ་ མིན་འདུག་ཟེར་ཨིནམ་ད་ རྫོང་ཁག་ལས་ རྫོང་བདག་དང་ རྫོང་རབ་ དེ་ལས་ ཉེན་བཅོལ་འགོ་དཔོན་ཚུ་འོང་སྟེ་ དབྱེ་ཞིབ་ཚུ་ཡང་ འབད་ཡི་ཟེར་ཨིན་པས།
ཧཱ་རྫོང་ཁག་གི་ མགྱོན་ཁྱིམ་ལྟག་ལུ་ཡོད་པའི་ ཁྱིམ་དེ་ནང་ ཁང་གླར་སྡོད་མི་ བཟའ་ཚང་༤ ཡོད་ས་ལས་ གནོད་སྐྱོན་སྦོམ་བྱུང་མི་ ཁང་མིག་ནང་སྡོད་མི་ བཟའ་ཚང་དེ་ དེ་འཕྲོ་ལས་ སྤོ་ཡར་སོཔ་ཨིན་པས།
ཨིན་རུང་ ཀ་ཀ་གིས་ ཁོ་གི་ཁྱིམ་དེ་ རླུང་འཚུབས་དོན་ལུ་ ཉེན་བཅོལ་འབད་དེ་ཡོདཔ་ལས་ གནོད་སྐྱོན་གྱི་སྐོར་ལས་ ཡིག་ཆ་ཚུ་ དེ་ཚེ་ཉིན་མ་ར་ རྒྱལ་གཞུང་ཉེན་བཅོལ་ཡིག་ཚང་ནང་ བཙུགས་ཡོདཔ་ད་ གྱོང་རྒུད་ཀྱི་ ཚོད་དཔག་ཡིག་ཆ་ཚུ་ ད་རིས་དྲོ་པ་ བཙུགས་ནི་ཨིན་ཟེར་སླབ་ཅི།
ཉམས་རྒུད་པ་གཞན་ སྐྱེས་ལོ་༥༨ ལང་མི་ བཀྲིས་ཀྱིས་འབད་བ་ཅིན་ རླུང་འཚུབས་འཕུ་བའི་སྐབས་ འདྲོག་བྱེལ་འཐབ་སྟེ་ ཁོང་ར་ ཁྱིམ་ནང་འཛུལ་སྡོད་ཅི་ཟེར་ཨིནམ་ད་ དེ་བསྒང་ ཁྱིམ་གྱི་ཕྱི་ཁར་ ལྕགས་ཤོག་ཚུ་བུད་བའི་ སྐད་ཚུ་ཡང་ ཤུགས་སྦེ་ར་ གོ་ཡི་ཟེར་ཨིན་པས།
ཁོ་གི་ལྕགས་ཤོག་ཚུ་ཡང་ བཅག་དཀྲུམ་བཏང་ཡོདཔ་ལས་ ལོག་ལག་ལེན་འཐབ་མི་བཏུབ་ནི་མས་ཟེར་ཨིནམ་ད་ ལྕགས་ཤོག་ཚུ་ བ་ཀྲམ་ཚུ་གུ་ལས་ ལོག་སྤོག་ནི་དང་ ལོག་འཕྲང་ནིའི་ལཱ་ཚུ་ འབད་བའི་སྐབས་ལུ་ སྤེད་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཉིནམ་དེ་ལུ་ རླུང་མ་ཤུགས་སྦེ་ར་ འཕུ་ཡོདཔ་བཞིན་དུ་ རྐྱེན་ངན་བྱུང་བའི་ཤུལ་ལས་ཡང་ རླུང་ཤུགས་ཚར་༣ དེ་ཅིག་ འཕུ་ཡི་ཟེར་ཨིན་པས།
ཁོ་གི་ཁྱིམ་གྱི་དོན་ལུ་ མེ་རྐྱེན་གྱི་ ཉེན་བཅོལ་མ་གཏོགས་ ཀ་ཀ་བཟུམ་སྦེ་ རླུང་འཚུབས་ཀྱི་ཉེན་བཅོལ་ མ་འབདཝ་ཨིན་པས།
རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གི་ འབྲེལ་འཐབ་གཙོ་ཅན་ བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ ཁྱིམ་༣ པ་དེ་ རྐྱེན་ངན་སྦོམ་སྦེ་ར་བྱུང་མི་ ཁྱིམ་དེ་གི་ སྦོ་ལོགས་ཁར་འབད་ནི་དེ་གིས་ ལྕགས་ཤོག་ཚུ་ འཕྱགས་བདའ་བའི་སྐབས་ ཕོག་མི་ལུ་བརྟེན་ ཁྱིམ་ཐོག་གུ་ གནོད་སྐྱོན་དུམ་གྲ་ཅིག་ བྱུང་ནུག་ཟེར་ཨིན་པས།
དཀར་འཚོ་རྒཔོ་ ཁྱུང་བདུད་ཀྱིས་ བཤད་མིའི་ནང་ གནོད་སྐྱོན་དེ་གིས་ ཁྱིམ་ཐོག་ཚུ་ལུ་མ་གཏོགས་ རྒྱུ་དངོས་ཚུ་ལུ་ ཐོ་མ་ཕོགཔ་ལས་ རྒེད་འོག་གི་ཁ་ཐུག་ལས་ ཁྱིམ་གྱི་ཉེན་བཅོལ་ལེན་ནིའི་དོན་ལུ་ ཆ་རོགས་འབད་ནི་མ་གཏོགས་ གཞན་ དམིགས་བསལ་གྱི་ གྲོགས་རམ་འབད་དགོཔ་ ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཧཱ་རྫོང་རབ་ བྱམས་པ་ཚེ་བརྟན་གྱིས་ སླབ་མིའི་ནང་ ཉམས་རྒུདཔ་ཚུ་གིས་ རང་སོའི་ཉེན་བཅོལ་ཚུ་ ལེན་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནི་ཨིན་རུང་ ལྕགས་ཤོག་ཚུ་ཡང་ ག་ར་ མེདཔ་བཏང་ཡོདཔ་ལས་ གལ་སྲིད་ གཞུང་ལས་ ལྕགས་ཤོག་གི་སྐྱིད་སྡུག་ཚུ་ གནང་ན་མ་གཏོགས་ གཞན་མི་རྒྱབ་སྐྱོར་ཚུ་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་གི་ཁ་ཐུག་ལས་ གནོད་སྐྱོན་གྱི་སྐོར་ལས་ དབྱེ་ཞིབ་ཚུ་འབད་དེ་ རྐྱེན་ངན་འཛིན་སྐྱོང་ནང་ སྙན་ཞུ་ཅིག་ ཕུལ་བཏང་ཡི་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment