གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༣ དེ་ཅིག་གི་ཧེ་མར་ ཨར་རྐུན་ཤོར་མི་ལུ་ ཞིབ་དཔྱད་མཇུག་མ་བསྡུ་བར་ཡོདཔ།

༢༤/༡༢/༢༠༡༢   འགོ་དཔོན་གཅིག་གིས་གཅིག་ལུ་ རྩིས་སྤྲོད་ཐོག་ལས་ ཞིབ་དཔྱད་མཐིལ་ཕྱིན་སྦེ་ རྐྱབ་མ་བཏུབ་ཟེར་ ཉམས་རྒུད་པ་གིས་ ཁ་ཉེས་བཀལཝ་ཨིན་པས།

༉ སྤྱི་ལོ་༢༠༡༠ ལུ་ ཐིམ་ཕུ་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ ཉེ་འདབས་ལུ་ སྣ་ཚོགས་ཚོང་ཁང་ཅིག་ནང་ལས་ ཨར་རྐུན་ཤོར་མིའི་ ཞིབ་དཔྱད་དེ་ ད་ལྟོའི་བར་ན་ཡང་ འབད་བཞིན་དུ་ཡོདཔ་ཨིན་པས།
ཨར་རྐུན་དེ་ སྤྱི་ལོ་༢༠༡༠ ཟླ་༡༠ པའི་ཚེས་༢༡ ལུ་ ཤོར་བའི་སྐབས་ལུ་ ཚོང་ཁང་ནང་ལས་ རིན་གོང་དངུལ་ཀྲམ་༤༦༣,༠༠༠ དེ་ཅིག་གནས་པའི་ སྐུད་ཤུད་ཐགས་རས་དང་ གོ་ལའི་རིགས་ཚུ་ འཐུ་འབག་ཡོདཔ་ཨིན་པས།



ཚོང་ཁང་གི་ ཇོ་བདག་གིས་ སླབ་མིའི་ནང་ ཁོ་གི་ཚོང་ཁང་ ཨར་རྐུན་ཤོར་བའི་སྐོར་ དེ་འཕྲོ་ལས་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ སོར་ཡི་ར་ དབྱེ་ཞིབ་ཚུ་འབད་ཡོད་རུང་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ཐོན་ནི་མེད་པར་ ལོ་༣ ལང་ནི་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒྲིང་ཁྱིམ་དེ་ནང་ ཚོང་ཁང་ལེ་ཤ་ཡོདཔ་ལས་ ཁོ་གི་ཚོང་ཁང་ནང་ འཛུལ་ནིའི་དོན་ལུ་ དང་པ་ར་ འཛུལ་སྒོ་ངོ་མ་དེ་ནང་ ལྡེ་མིག་རྐྱབ་དགོཔ་བཞིན་དུ་ དེ་ནང་ལས་སྦེ་ ད་རུང་ འཛུལ་སྒོ་ཆུང་ཀུ་ཅིག་ནང་ལས་འགྱོཝ་ད་རྐྱངམ་གཅིག་ ཁོ་གི་ཚོང་ཁང་ཡོད་མི་དེ་ ལྡེ་མིག་རྐྱབ་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཨར་རྐུན་ཤོརཝ་ད་ སྒྲིང་ཁྱིམ་དེ་གི་ འཛུལ་སྒོ་ཕྱི་ཁ་ལས་ ལྡེ་མིག་༢ རྐྱབ་ནི་ཡོད་མི་ལས་༡ མེད་པའི་ཁར་ ནང་ནའི་འཛུལ་སྒོ་ཆུང་ཀུ་གུ་རྐྱབ་མི་ ལྡེ་མིག་དེ་ བཏོག་ཞིནམ་ལས་ ཁོ་གི་ཚོང་ཁང་གི་སྒོ་གུ་ བཀལ་བཞག་ནུག་ཟེར་ སླབ་ཨིན་པས།
དེ་ཚེ་ ནུབ་མོའི་ཆུ་ཚོད་༩ ལུ་ ཁོ་རའི་གནས་ཚང་གིས་ ཚོང་ཁང་སྒོ་བསྡམས་ཞིནམ་ལས་ སྒྲིང་ཁྱིམ་དེ་གི་ཐོག་ཁར་ཡོད་མི་ ཁྱིམ་ནང་སོང་ཡོདཔ་ད་ དེ་གི་ནངས་པར་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ཁར་ ཚོང་ཁང་སྒོ་ཕྱེ་བར་སོངམ་ད་ མོ་གི་ཚོང་ཁང་དེ་ ཨར་རྐུན་ཤོར་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཚོང་པ་དེ་གིས་ ཁ་ཉེས་བཀལ་མིའི་ནང་ ཨར་རྐུན་ཤོར་བའི་ནུབ་མོར་ འཛུལ་སྒོའི་ ལྡེ་མིག་དེ་ ཁྱིམ་གྱི་ཇོ་བདག་གིས་ འབག་སོང་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་ད་ ཨརཝ་དེ་གིས་ ཕྱི་ཁ་ལས་འོང་སྟེ་ ལྡེ་མིག་བཏོག་ཐོག་ལས་ ནང་ན་འཛུལ་ནུག་ཟེར་སླབ་སྟེ་ ཚོང་པ་གིས་ སླབ་མི་ལུ་ ཉན་ཁུག་བཏབ་མ་བཏུབ་ཟེར་ཨིན་པས།
ཚོང་པ་དེ་གིས་འབད་བ་ཅིན་ ཕྱི་ཁའི་སྒོ་ངོ་མ་གུ་ རྐྱབ་བཞག་མི་ ལྡེ་མིག་དེ་ ཁོ་གི་ཚོང་ཁང་དང་གཅིག་ཁར་ཡོད་མི་ ཚོང་པ་ཚུ་གིས་ ཚོང་ཁང་ཚུ་ནང་ འཛུལ་ནིའི་དོན་ལུ་ ནང་ནའི་འཛུལ་སྒོ་ཆུང་བ་དེ་ནང་རྐྱབ་མི་ ལྡེ་མིག་ཨིནམ་ལས་ ལྡེ་མིག་བུ་ཚུ་ ཁོང་ལུ་ཡང་ཡོད་ཟེར་སླབ་རུང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་དེ་གིས་ ལྡེ་མིག་དེ་ ཧེ་མ་ལས་ར་ ཕྱི་ཁའི་འཛུལ་སྒོ་དེ་གུ་ར་ རྐྱབ་ནུག་ཟེར་སླབ་སྟེ་ ལྡེ་མིག་སོར་བཞག་མི་ལུ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
དེ་བསྒང་ ཚོང་པ་ཨམ་སྲུ་དེ་གིས་ སྒྲིང་ཁྱིམ་དེ་གི་ བདག་འཛིན་པ་ལུ་ དྲི་དཔྱད་འབད་དགོ་པས་ཟེར་ བརྒྱུད་འཕྲིན་གཏང་ནི་འབདཝ་ད་ ཁྲིམས་སྲུང་འགག་པ་གིས་ གལ་སྲིད་ བྱང་སྟོར་ཤོར་མི་ ཅ་ལ་ཚུ་ བདག་འཛིན་པ་དེ་ལས་ བཏོན་ནི་མེད་པ་ཅིན་ ལཱ་ཁག་རྐྱབ་འོང་ཟེར་སླབ་སྟེ་ བརྒྱུད་འཕྲིན་ཡང་ བཏང་མ་བཅུག་པས་ཟེར་ ཚོང་པ་ཕོ་སྐྱེས་དེ་གིས་ ཁ་ཉེས་བཀལཝ་ཨིན་པས།
མ་གཞི་ གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་འབད་མི་ འགོ་དཔོན་དེ་གིས་ ཨར་རྐུན་འབད་མིའི་ མཛུབ་པར་བལྟ་ནི་ཨིན་ཟེར་སླབ་རུང་ ཤུལ་ལས་ ལགཔ་གི་པར་ཚུ་ ཐོན་མ་བཏུབ་ཟེར་སླབ་ཐོག་ལས་ དེ་སྦེ་ར་ བཤོལ་བཞག་ཅི་ཟེར་སླབ་ཨིན་པས།
དེ་གི་ཤུལ་ལས་ རྩོད་དོན་དེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གཞན་ཅིག་ལུ་ རྩིས་སྤྲོད་ཡོད་རུང་ ཁོ་གིས་ཡང་ དབྱེ་ཞིབ་འབད་ནི་དེ་ ཕྱིས་སོ་ནུག་ཟེར་སླབ་སྟེ་ ངོས་ལེན་ལེགས་ཤོམ་ཅིག་ འབད་མ་བཏུབ་ཟེར་ཨིན་པས།
དེ་ཅིག་གི་བར་ན་ མེདཔ་བཏང་མི་ ལྡེ་མིག་གཞན་ཅིག་ ཁྱིམ་གྱི་ཇོ་བདག་དང་ སྒྲིང་ཁྱིམ་བདག་འཛིན་པ་༢ ལས་ཐོན་ཡོད་རུང་ འགོ་དཔོན་དེ་གིས་ ཨརཝ་བརྐུ་མི་ཚུ་ ཚོང་ཁང་དེ་ནང་ འཛུལ་བའི་སྐབས་ ལྕགས་དཀྲུམ་འབད་བའི་ ལྡེ་མིག་ཨིནམ་སྦེ་ ཆ་བཞག་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་སོ་སོ་གིས་ དབྱེ་ཞིབ་འབད་བའི་ གྲུབ་འབྲས་ཚུ་ རྟགས་མ་མཐུནམ་སྦེ་ ཐོན་མི་ལུ་བརྟེན་ ཡིད་ཆེས་བསྐྱེད་མ་ཚུགས་པར་ ཁྲིམས་སྲུང་འགག་པའི་ གཙོ་འཛིན་ལུ་ གསོལ་ཞུ་འབད་མི་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གོངམ་༢ ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་འབདཝ་ད་ ཧེ་མ་ དབྱེ་ཞིབ་འབད་མི་ འགོ་དཔོན་ཚུ་གིས་ འཛོལ་ཡོད་པའི་ མངོན་གསལ་བྱུང་ཡོད་རུང་ ཞིབ་དཔྱད་འབད་མི་ ཁོང་གི་ ཆ་རོགས་ཚུ་ཨིནམ་ལས་ འབད་ཐབས་ག་ཅི་ཡང་མེད་ཟེར་སླབ་སྟེ་ འགོ་དཔོན་གཞན་མི་ཅིག་ལུ་ སྤྲོད་ད་ཡི་ཟེར་ ཚོང་པ་དེ་གིས་ སླབ་ཨིན་པས།
ཚོང་པ་དེ་གིས་ བཤད་མིའི་ནང་ ཁྲིམས་སྲུང་འགག་པ་གིས་ ཁོ་གི་ རྩོད་དོན་བསྣར་བཞག་ཐོག་ དབྱེ་ཞིབ་འབད་ཐངས་ལུ་ལྟཝ་ད་ ཁོ་བཟུམ་མའི་ མི་སེར་གྱིས་ དྲང་བདེན་འཐོབ་ཚུགས་པར་ ལཱ་ཁག་འོང་ནི་བཟུམ་འདུག་ཟེར་ཨིན་མས།
ཁྲིམས་སྲུང་འགག་པའི་ སྡེ་འཛིན་གྱིས་འབད་བ་ཅིན་ གནད་དོན་དེ་ལུ་ དབྱེ་ཞིབ་ཚུ་ ལེགས་ཤོམ་སྦེ་ར་ འབད་ནིའི་དོན་ལུ་ ད་རེས་ ཚོགས་པ་ཅིག་ ལོགས་སུ་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment