གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤུགས་ཚད་བརྟག་དཔྱད་འཕྲུལ་ཆས་བཏགས་བཏང་མི་ ཁྲུང་ཁྲུང་༤ མ་གཏོགས་ ལོག་མ་ལྷོདཔ།

༢༨/༡༢/༢༠༡༢   ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་གིས་ ཁྲུང་ཁྲུང་སྐེ་ནག་ཚུ་ གནས་སྤོ་འགྱོ་བའི་སྐོར་ ཞིབ་འཚོལ་འགོ་དང་པ་འབད་ནུག།
༉ བྱ་ཁྲུང་ཁྲུང་སྐེ་ནག་ཚུ་ འབྲུག་ལས་ གནམ་བྱཱར་གྱི་འཁྱམས་ས་ རྒྱ་ནག་ལུ་ འགྱོ་བའི་སྐབས་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༦,༢༨༡ དང་ མགྱོགས་ཚད་ཆུ་ཚོད་རེ་ལུ་ ཀི་ལོ་མི་ཊར་༩༠ རེ་ འཕུར་དོ་ཡོདཔ་ཨིན་པས།
དེ་ཡང་ བུམ་ཐང་ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་གིས་ ཁྲུང་ཁྲུང་སྐེ་ནག་ཚུ་ གནས་སྤོ་འགྱོ་བའི་སྐོར་ ཞིབ་འཚོལ་འགོ་དང་པ་ འབད་མི་དེ་ནང་བཀོད་ནུག།

ཁྲུང་ཁྲུང་གུ་ཤུགས་ཚད་བརྟག་དཔྱད་འཕྲུལ་ཆས་བཏགས་བཏང་བའི་བསྒང་།


དེ་མ་ཚད་ བྱ་ཁྲུང་ཁྲུང་ཚུ་གིས་ དབང་འདུས་ཕོ་བྲང་ ཕོབ་སྦྱིས་ཁ་ལས་ བོད་ཀྱི་ས་གནས་ བུམ་མཚོ་ཚུན་ཚོད་ ལམ་ཐག་རིང་ཚད་ ཀི་ལོ་མི་ཊར་༡༢༠ ཡོད་མི་དེ་ དུས་ཡུན་ཆུ་ཚོད་༢ མ་ལངམ་ཅིག་ནང་ འཇམ་ཏོང་ཏོ་སྦེ་ ལྷོད་དོ་ཡོདཔ་ཨིན་པས།
བྱའི་སྐོར་ལས་ ཞིབ་འཚོལ་འབད་མི་ ནགས་ཚལ་འགོ་དཔོན་ བཱཌི་ཤེས་རབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་བར་ན་ ཕོབ་སྦྱིས་ཁ་ལས་ ཁྲུང་ཁྲུང་སྐེ་ནག་༦ དང་ བཀྲིས་གཡང་རྩེ་འབུམ་སྡེ་གླིང་ལས་ ཁྲུང་ཁྲུང་༢ ལུ་ ཇི་པི་ཨེསི་ལྡན་པའི་ ཤུགས་ཚད་བརྟག་དཔྱད་འཕྲུལ་ཆས་༨ བཏགས་བཏང་མི་ཚུ་གི་གྲས་ལས་ དུས་ཅི་ ཕོབ་སྦྱིས་ཁ་ལུ་༤ ལོག་ལྷོད་ཅི་ཟེར་ཨིན་པས།
བྱ་ཚུ་ལུ་ བཏགས་བཏང་མི་ འཕྲུལ་ཆས་དེ་ནང་ ཁོང་ར་ འཁྱམས་སའི་ས་ཁོངས་དང་ སྡོད་ས་སའི་རྒྱ་ཚད་ དེ་ལས་ གནས་སྤོ་འགྱོ་བའི་སྐབས་ཀྱི་ གནས་སྡུད་ཚུ་ སྒྲ་བཟུང་འབད་དེ་ཡོད་ཟེར་ ཤེས་རབ་ཀྱིས་ སླབ་ཨིན་པས།
འཕྲུལ་ཆས་ཚུ་ བཏགས་པའི་སྐབས་ ཁྲུང་ཁྲུང་ཚུ་ ཧིང་མ་འདྲཝ་ཁག་༣ དེ་ཅིག་ རྐྱབ་ཐོག་ལས་ བཟུང་ཡོདཔ་ཨིན་པས།
བྱ་ཚུ་གི་ ལོ་ཚད་ཚུ་ སྒྲོ་དང་ ཁ་མདོག་ཚུ་ལུ་བལྟ་སྟེ་ ཤེས་ཚུགས་དོ་ཡོདཔ་ད་ མ་གཞི་ བྱ་ཕོ་དང་ མོ་༢ ཆ་རའི་གཟུགས་ཀྱི་རིང་ཚད་ཚུ་ སེན་ཊི་མི་ཊར་༡༣༥ ལུ་ལྷོདཔ་ད་ ལྗིད་ཚད་ཀེ་ཇི་༥ དང་༦ རེ་ ཐོན་དོ་ཡོདཔ་ཨིན་རུང་ བྱ་ཕོ་ཚུ་ མོ་དང་ཕྱདཔ་ད་ དུམ་གྲ་ཅིག་གིས་ སྦོམ་དོ་ཡོདཔ་ཨིན་པས།
ཤེས་རབ་ཀྱིས་ སླབ་མིའི་ནང་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་༦ ལུ་ ཇི་པི་ཨེསི་འཕྲུལ་ཆས་ བཏགས་བཏང་ས་ལས་༡ གཅན་གཟན་གཟིག་གིས་ བཟའ་ཡོད་པའི་ ཤེས་རྟོགས་བྱུང་མི་དང་འཁྲིལ་ འཕྲུལ་ཆས་དེ་ཡང་ དུས་ཅི་གནམ་སེར་ཁའི་དུས་ལུ་ ལོག་ཐོབ་ཡོདཔ་བཞིན་དུ་ ཤི་རྐྱེན་བྱུང་མི་ བྱ་དེ་གི་མིང་ཡང་ གེ་སར་གླིང་ཟེར་ བཏགས་ཡོདཔ་ཨིན་པས།
དེ་ལས་ འབུམ་སྡེ་གླིང་ལས་ འཕྲུལ་ཆས་བཏགས་བཏང་མི་ ཁྲུང་ཁྲུང་སྐེ་ནག་༢ པོ་དེ་ སྤྱི་ལོ་༢༠༡༡ དང་༢༠༡༢ ཀྱི་ གནམ་དགུན་གྱི་སྐབས་ འབྲུག་ལུ་ ལོག་མ་འོངམ་ལས་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཤེས་རབ་ཀྱིས་ སླབ་ཨིན་པས།
སྤྱི་ལོ་༡༩༩༨ ལུ་ གནམ་སེར་ཁའི་སྐབས་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་ ཡུ་ཨེསི་ཨེ་ལུ་ཡོད་མི་  རྒྱལ་སྤྱི་ཁྲུང་ཁྲུང་སྐེ་ནག་གཞི་ཚོགས་༢ མཉམ་འབྲེལ་ཐོག་ལས་ འཕྲུལ་སྐར་སེ་ཊ་ལ་ཡེཊ་ལག་ལེན་ཐོག་ལས་ བྱ་ཚུ་གི་གནས་སྟངས་ ཞིབ་འཚོལ་འབད་ཡོདཔ་ད་ དེ་བསྒང་ ཁྲུང་ཁྲུང་ཚུ་ འབྲུག་ལས་ ལོག་འགྱོ་མི་རྐྱངམ་གཅིག་གི་སྐོར་ལས་ ཤེས་ཚུགས་ཅི་ཟེར་ཨིན་པས།
ཤེས་རབ་ཀྱིས་ གནམ་བྱཱར་གྱི་སྐབས་ ཕོབ་སྦྱིས་ཁའི་ ཁྲུང་ཁྲུང་ཚུ་ རྒྱ་ནག་གི་ས་གནས་ བུམ་མཚོ་ཟེར་སར་ གནས་སྤོ་འགྱོ་དོ་ཡོདཔ་ད་ བུམ་སྡེ་གླིང་གི་བྱ་ཚུ་ གངས་རི་ཇོ་མོ་ལྷ་རིའི་རྒྱབ་ཁར་ སི་ག་རྩེ་ཟེར་སར་ གནས་སྤོ་འགྱོཝ་ཨིན་པས་ཟེར་ སླབ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༠ ལུ་ འབྲུག་དང་ རྒྱ་ནག་རྒྱལ་ཁབ་༢ དང་ མཉམ་འབྲེལ་ཐོག་ལས་ རྒྱལ་སྤྱི་ཁྲུང་ཁྲུང་གཞི་ཚོགས་ཀྱིས་ ལྟ་ཞིབ་འགྲུལ་བསྐྱོད་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ རྒྱ་ནག་གི་ས་གནས་ སི་ག་རྩེ་དང་ མ་མཇུག་མཚོ་ དེ་ལས་ ལོའི་བུ་མཚོ་ཚུ་ནང་ ཁྲུང་ཁྲུང་གཞོན་ཅུང་༡༨ ཀྱི་རྐངམ་གུ་ ཐག་ལེབ་ཚུ་ བཏགས་ཡོདཔ་ཨིན་རུང་ བྱ་དེ་ཚུ་ འབྲུག་ལུ་ ཕུད་རྡོག་གཅིག་ཡང་ མ་འོངམ་ལས་ རྒྱ་ནག་གྱི་ ས་ཁོངས་ནང་ར་ ཡོདཔ་མཐོང་ནུག་ཟེར་ ཤེས་རབ་ཀྱིས་ སླབ་ཨིན་པས།
ཤེས་རབ་ཀྱིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པ་ ཁྲུང་ཁྲུང་ཚུ་གི་ གནམ་བྱཱར་གྱི་སྡོད་གནས་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ ཧ་གོ་ཚུགསཔ་བཟོ་ནིའི་ འཕྲུལ་རིག་ལེ་ཤ་ར་ཡོདཔ་ཨིན་རུང་ དེ་ཚུ་གིས་ མི་ངོ་མ་སྦེ་ ས་ཁོངས་ཚུ་ནང་སོང་སྟེ་ ཞིབ་དཔྱད་འབད་བའི་ ཁྱད་མི་ཆོད་ཟེར་ཨིན་པས།
ཨིན་རུང་ སློབ་སྦྱོང་སྤེལ་ཁང་གིས་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཀྱི་ ཚན་རིག་མཁས་མཆོག་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་དང་ རི་དྭགས་ཀྱི་སྐོར་ལས་ ཞིབ་འཚོལ་འབད་ནིའི་དོན་ལུ་ འཕྲུལ་རིག་ཚུ་ ལག་ལེན་འཐབ་ནིའི་ ལས་འཆར་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕོབ་སྦྱིས་ཁ་ལུ་འབད་བ་ཅིན་ ཁྱིམ་དང་ མགྱོན་ཁྱིམ་ཚུ་ བཟོ་སྐྲུན་འབད་མི་ལུ་བརྟེན་ ཁྲུང་ཁྲུང་འཁྱམས་སའི་ ས་ཁོངས་ཚུ་ལུ་ ཉེན་འཚུབས་བྱུང་དོ་ཡོདཔ་ད་ འབུམ་སྡེ་གླིང་ལུ་འབད་བ་ཅིན་ ཆུ་རུད་ལུ་བརྟེན་ ཁྲུང་ཁྲུང་འཁྱམས་སའི་ ཨ་རིང་ཚུ་ འཕྱགས་བདའ་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་སྦེ་ གནས་ཏེ་ཡོདཔ་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ བྱའི་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ རྩ་མེད་འགྱོ་ཉེན་ཡོད་པའི་ ཁྲུང་ཁྲུང་སྐེ་ནག་ཚུ་ ཉམས་སྲུང་གི་དོན་ལུ་ ས་ཁ་མཐོ་སའི་ ཆུ་ལྡན་ས་ཁོངས་ཚུ་ ཉམས་སྲུང་འབད་དགོཔ་དང་ ཉམས་སྲུང་འབད་མི་ཚུ་གིས་ ལུང་ཕྱོགས་ཀྱི་ མཉམ་འབྲེལ་གྱི་དོན་ལུ་ རྒྱ་ནག་དང་ རྒྱ་གར་རྒྱལ་ཁབ་ཚུ་དང་ ཁ་སླབ་པའི་བསྒང་ ཡོདཔ་ཨིན་པས།
ཉམས་སྲུང་གི་ ལཱ་འབད་མི་ཚུ་གིས་ ཁྲུང་ཁྲུང་ཚུ་ སྲུང་སྐྱོབ་འབད་ནིའི་ནང་ བྱང་ཕྱོགས་ལས་ མཉམ་འབྲེལ་མ་ཐོབ་པའི་ ལོ་རྒྱུས་ཚུ་ཡང་ སླབ་དོ་ཡོདཔ་ལས་ དེ་གི་ཐད་ལུ་ལྷོདཔ་ད་ ཧེ་མ་ར་ རང་གི་རྒྱལ་ཁབ་ནང་ ཉམས་སྲུང་གི་ལཱ་ ག་ཅི་ར་འབད་ཡོདཔ་ཨིན་ན་ ལྟ་དགོཔ་ཡོད་ཟེར་ ཤེས་རབ་ཀྱིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment