གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་སྡེའི་ཚོགས་པའི་འཐུས་མི་ལུ་ དངུལ་ཕོགས་ཀྱི་ཐོབ་བརྗོད།

༢༧/༡༢/༢༠༡༢   ༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ ད་རེས་ཁམས་ཅིག་ལུ་ རྫོང་ཁག་༢༠ འི་ནང་ རྫོང་ཁག་ཚོང་འབྲེལ་འཐུས་མི་དང་ རྫོང་ཁག་ཡོངས་ཁྱབ་ཚོགས་པའི་འཐུས་མི་ཚུ་ བཙག་འཐུ་འབད་ཚར་ཡོད་མི་དང་བསྟུན་ འཐུས་མི་ཚུ་གིས་ཡང་ ཟླ་རིམ་དངུལ་ཕོགས་ཀྱི་ ཐོབ་བརྗོད་བཀོད་མི་ ཐོནམ་ཨིན་པས།


རྩི་རང་རྫོང་ཁག་གི་ རྫོང་ཁག་ཚོང་འབྲེལ་འཐུས་མི་ ལོག་ནཱཐི་ མིཤ་ར་གིས་འབད་བ་ཅིན་ མ་གཞི་ ཁོང་ལུ་ ཟླ་རིམ་གྱི་དངུལ་ཕོགས་ཚུ་ ངེས་པར་དུ་ ཐོབ་དགོཔ་མེད་རུང་ རྫོང་ཁག་ནང་ ཚོང་པ་ཚུ་གི་དོན་ལུ་ ལཱ་འབད་དགོཔ་ ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ལས་ དེ་སྐབས་ རང་གི་ཚོང་འབྲེལ་གྱི་ལཱ་ཚུ་ལུ་ བར་ཆད་འབྱུང་ནི་དེ་གིས་ འཐོབ་ཐབས་ཡོད་པ་ཅིན་ དངུལ་ཕོགས་ཅིག་ཡོདཔ་ར་ དྲག་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་འབྲེལ་འཐུས་མི་ཚུ་ ཕར་ཚུར་ འགྲོ་འགྲུལ་འབད་བའི་སྐབས་ འགྲུལ་འཐུས་ཚུ་ ཐོབ་ནི་ཡོདཔ་ཨིན་རུང་ རྫོང་ཁག་ནང་འཁོད་ལུ་ ལཱ་འབད་མིའི་འཐུས་ཀྱི་གྲངས་སུ་ བརྩི་འཇོག་མེད་མི་དེ་ཡང་ རང་སོའི་རྫོང་ཁག་དང་ ས་ཁོངས་ནང་ ལཱ་འབད་བའི་སྐབས་ འགྲུལ་འཐུས་འཐོབ་ནི་ མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
མོང་སྒར་ལུང་ཕྱོགས་ཀྱི་ ཚོགས་སྡེའི་བཀོད་ཁྱབ་འཐུས་མི་ ཚེ་དབང་གིས་ ཚོགས་སྡེའི་ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༢༧ པ་ འཚོགས་པའི་སྐབས་ འཐུས་མི་ཚུ་ལུ་ ལཱ་འབད་དགོཔ་ལེ་ཤ་ཅིག་ར་ཡོདཔ་ལས་ ཚད་གཞི་དང་འཁྲིལ་བའི་ ཟླ་རིམ་དངུལ་ཕོགས་ཅིག་ ཐོབ་ཐབས་ཡོད་པ་ཅིན་ཟེར་བའི་ སྙན་ཞུ་འབད་ཡོདཔ་ཨིན་རུང་ གནས་སྟངས་དང་འཁྲིལཝ་ད་ ཚོགས་སྡེ་ལུ་ མ་དངུལ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ལས་ ཨུ་ཚུགས་བསྐྱེད་ཐབས་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ དེ་བཟུམ་མའི་ དཀའ་ངལ་བྱུང་དགོ་མི་དེ་ཡང་ སྒེར་སྡེ་གོང་འཕེལ་གཏང་མ་ཚུགས་མི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ འཐུས་མི་ཚུ་གིས་ ཧེ་མ་ར་ ཚོགས་སྡེ་དང་གཅིག་ཁར་ སྒེར་སྡེ་གོང་འཕེལ་གྱི་དོན་ལུ་ རྒྱབ་སྐྱོར་གྱི་ལཱ་ཚུ་ འབད་དགོཔ་འདུག་ཟེར་ཨིན་པས།
འཐུས་མི་ལ་ལུ་ཅིག་གིས་ བཤད་མིའི་ནང་ ད་རེས་ཀྱི་ གནས་སྟངས་ནང་ ཁོང་གིས་ དངུལ་ཕོགས་མེད་དེ་འབད་རུང་ ཚོགས་སྡེ་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཞབས་ཏོག་ཞུ་ནི་ཨིན་རུང་ གལ་སྲིད་ དངུལ་ཕོགས་ཀྱི་ ཐོབ་ལམ་མེད་པར་ ཡུན་རིངམོ་སྦེ་ར་ ལུས་པ་ཅིན་ མ་འོངས་པ་ལུ་ དེ་བཟུམ་མའི་ལཱ་ནང་ སྤྲོ་བ་བསྐྱེད་དེ་ འབྲེལ་གཏོགས་འབད་མི་ འཐོན་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཕུན་ཚོགས་གླིང་ལས་ ཆུ་ཁ་རྫོང་ཁག་གི་ ཚོང་འབྲེལ་འཐུས་མི་ ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་གི་ས་ཁོངས་ ཕུན་ཚོགས་གླིང་བཟུམ་ཅིག་ནང་ ཚོགས་སྡེའི་ཡན་ལག་ཡིག་ཚང་ཡོད་མི་ལུ་བརྟེན་ ལཱ་འབད་དགོཔ་ཚུ་ག་ར་ ཡིག་ཚང་གིས་ འབད་དོ་ཡོདཔ་ལས་ དངུལ་ཕོགས་ཐོབ་བརྗོད་བཀོད་དགོཔ་མིན་འདུག་ཟེར་ཨིན་པས།
གལ་སྲིད་ ཟླ་རིམ་དངུལ་ཕོགས་ཚུ་ ལེན་པ་ཅིན་ འཐུས་མི་ཚུ་ ཉིན་བསྟར་གྱི་ ལས་བྱེདཔ་བཟུམ་མའི་ ལཱ་ཚུ་ འབད་དགོཔ་འཐོན་ནི་ཨིནམ་ལས་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ཨིནམ་ད་ འཐུས་མི་རང་ར་སོ་སོ་ལུ་ སྦོམ་ཆུང་དང་ལྡན་པའི་ ཚོང་ཁང་ཚུ་ཡོདཔ་ལས་ ཁོ་ར་ འཐུས་མིའི་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ ཚོང་པའི་མི་སྡེ་དང་ ཚོགས་སྡེ་ལུ་ རྒྱབ་སྐྱོར་འབད་ནི་ལུ་དམིགས་ཏེ་ཨིན་ཟེར་ སླབ་ཨིན་པས།
འབྲུག་གི་ཚོང་དང ་བཟོ་གྲྭ་ཚོགས་སྡེའི་ སྤྱིར་བཏང་ལས་དོན་སྡེ་ཚན་གྱི་འགོ་འཛིན་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཚོགས་སྡེ་གིས་ དངུལ་ཕོགས་ཀྱི་དོན་ལུ་ མ་དངུལ་དགོས་མཁོ་ ག་དེམ་ཅིག་འབྱུང་ནི་ཨིན་ན་ བལྟ་ཞིབ་འབད་ཐོག་ལས་ ཚོགས་སྡེའི་བཀོད་ཁྱབ་ཞལ་འཛོམས་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་སྡེ་གིས་ མ་དངུལ་གྱི་ ཚོད་རྩིས་ཚུ་ བཏོན་ཐོག་ལས་ བཀོད་ཁྱབ་ཞལ་འཛོམས་ནང་བཙུགས་ཏེ་ བཀོད་ཁྱབ་ཞལ་འཛོམས་ཀྱིས་ གྲོས་ཐག་བཅད་དགོཔ་སྦེ་ ཡོངས་ཁྱབ་ཚོགས་སྡེའི་ འཐུས་མི་ཚུ་གིས་ སླབ་ཅི་ཟེར་ཨིན་པས།
བཀོད་ཚོགས་ཞལ་འཛོམས་དེ་ གཙོ་འཛིན་གསརཔ་གིས་ ཚོགས་སྡེའི་ནང་ འཛུལ་ཞུགས་འབད་ཞིནམ་ལས་རྐྱངམ་གཅིག་ འགོ་འདྲེན་འཐབ་འོང་ཟེར་ འགོ་དཔོན་ཚུ་གིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment