གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ཆུ་བཀག་མི་༣ གྱིས་ ཁྱིམ་ཚང་ལུ་ ལོ་ཐོག་གི་ རྒུད་འཐུས་སྤྲོད་དགོཔ།

༢༩/༡༢/༢༠༡༢   ༉ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ སྟང་པྲ་གླང་གཡུས་ཚན་གྱི་ མི་གསུམ་གྱིས་ ཞིང་ཆུ་བཀག་སྟེ་ ཁྱིམ་ཚང་ཅིག་ལུ་ ལྕང་ལཱ་རྐྱབ་མ་བཅུག་མི་ལུ་བརྟེན་ ལོ་༡ གི་ ལོ་ཐོག་རྩིས་རྐྱབ་སྟེ་ ཉམས་རྒུད་པ་ལུ་ བྱིན་དགོ་པའི་ འཁྲུན་ཆོད་གནང་ཡི། 


དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ལས་སྐྱིད་དབང་མོ་དང་ བདེ་ཆེན་ཆོས་འཛོམས་ སངས་རྒྱས་དབང་མོ་གསུམ་གྱིས་ སྤྱི་ལོ་༢༠༡༠ ལུ་ སྐྱེས་ལོ་༥༢ ལང་མི་ རིན་ཆེན་ལ་ལུ་ ལྕང་ཆུའི་ཆུ་གཡུར་བཀག་ཡོད་པའི་ མངོན་རྟགས་བྱུང་ཡོདཔ་ལས་ སའི་བཅའ་ཁྲིམས་དང་འཁྲིལཝ་ད་ ཆུ་ལམ་བཀག་མ་ཆོག་ནི་དེ་གིས་ཨིན་པས།
ཁོང་གསུམ་གྱིས་ རིན་ཆེན་ལ་ལུ་ རྒུད་འཐུས་སྦེ་ ལོ་༡ གི་ ལོ་ཐོག་རྩིས་རྐྱབ་སྟེ་ བྱིན་དགོ་མི་དེ་ཡང་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ལོ་གསུམ་གྱི་ རྩིས་ཁྲ་བཞག་མི་དང་འཁྲིལ་ དཔྱ་སྙོམས་བཏོན་ཏེ་ རེད་ཀེ་ཇི་༩༥༣ ལྷགཔ་ཅིག་ བྱིན་དགོཔ་ཨིན་རུང་  དེ་གི་ཚབ་ལུ་དངུལ་སྤྲོད་རུང་ བཏུབ་ནི་ཨིན་པས།
རིན་ཆེན་ལ་གི་ ཨ་རིང་དེ་ སྤྱི་ལོ་༢༠༠༥ ལུ་ སོ་ནམ་ལྷན་ཁག་གིས་ རྒེད་འོག་དེ་ནང་ རེད་འཛུགས་སྐྱོང་གི་ མོ་བཏབ་ལས་རིམ་འགོ་དང་པ་ འགོ་བཙུགས་མི་དེ་ཨིནམ་ལས་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ལོ་བསྟར་གྱི་ ལོ་ཐོག་རྩིས་ཐོ་བཞག་སྟེ་ ཡོདཔ་ཨིན་པས།
ཨིན་རུང་ ད་ལས་ཕར་ རིན་ཆེན་ལ་གིས་ ཁོ་རའི་ཨ་རིང་ལུ་ ཆུ་བཏོན་པའི་སྐབས་ ལས་སྐྱིད་དབང་མོ་གིས་ ཆུ་ཞིང་ལུ་ གནོདཔ་མི་བཀལ་ནི་གི་དོན་ལས་ ཆུའི་རྐ་གུ་ རྩིགཔ་རྐྱབ་ཞིནམ་ལས་ ཞིང་མཇུག་ཚུན་ ཆུ་དུང་བཙུགས་དགོཔ་བཞིན་དུ་ དེ་བཟུམ་སྦེ་ སངས་རྒྱས་དབང་མོ་གིས་ མོ་རའི་ཞིང་གུ་ལས་ འཁོར་ལམ་བདའ་སྟེ་ རིན་ཆེན་ལ་ཁོ་རའི་ཞིང་ནང་ མ་ལྷོད་ཚུན་ ཆུ་དུང་བཙུགས་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
གཡུས་ཚན་དེ་གི་ མི་ཚུ་གིས་ འདས་པའི་དྲི་བཀོད་ནང་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཁྱིམ་གུང་༧ མ་གཏོགས་མེད་རུང་ རིན་ཆེན་ལ་རྐྱངམ་གཅིག་གིས་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་སྐབས་ སྲིད་ཚོགས་ཅིག་ལུ་ རྒྱབ་སྐྱོར་འབད་ནི་དེ་གིས་ མ་དགའཝ་བསྐྱེད་དེ་ རྩོད་རྙོགས་ཐོན་ནུག་ཟེར་ ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment