གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ཁྲོམ་སྡེའི་ འཐུས་མི་ཚུ་ དབུགས་འགམ་ཡོདཔ།

༢༢/༡༢/༢༠༡༢   ཁོང་གིས་འབད་བ་ཅིན་ ཚོགས་བཞུགས་འཐུས་ ཡར་སེང་གི་ གྲོས་འཆར་ལན་ཐེངས་ལེ་ཤ་ཕུལ་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
༉ ཕུན་ཚོགས་གླིང་གི་ ཁྲོམ་སྡེའི་འཐུས་མི་༦ གིས་ ཚོགས་བཞུགས་འཐུས་ཡར་སེང་རྐྱབ་དགོ་པའི་སྐོར་ ཞུ་བ་ལན་ཐེངས་མང་རབས་ཅིག་འབད་རུང་ ད་ཚུན་གྱི་བར་ན་ ངོས་ལེན་འབད་མ་བཏུབ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ལན་གསལ་ཅིག་དགོཔ་སྦེ་ བློ་འདོད་བཀོད་ཡོདཔ་ཨིན་པས།


དེ་ཡང་ ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་སྡེ་ཚོགས་སྡེའི་ ཞལ་འཛོམས་ཐེངས་༦ པ་འཚོགས་པའི་སྐབས་ལུ་ གྲོས་བསྡུར་༡ ཁོང་གི་ཚོགས་བཞུགས་འཐུས་ཡར་སེང་གི་སྐོར་ལས་ བྱུང་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ ཁོང་གིས་ ཞུ་བ་འབད་མི་ཚུ་ ཁྲོམ་སྡེ་གིས་ ངོས་ལེན་འབད་མ་བཏུབ་མི་ལུ་ དབུགས་འགམ་་བྱུང་ཡི་ཟེར་ཨིན་པས།
ཚོགས་སྡེའི་ཁྲི་འཛིན་ཡང་ཨིན་མི་ རིན་ཆེན་སྡིངས་ཀྱི་འཐུས་མི་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ ཁོང་གི་ ཚོགས་བཞུགས་འཐུས་ཡར་སེང་རྐྱབ་ནི་གི་ ཁས་ལེན་འབད་ཡོད་རུང་ ད་རིས་འབད་བའི་བསྒང་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གནང་བ་མ་གྲུབ་པས་ཟེར་ སླབ་ཡོད་པའི་སྐོར་ འཐུས་མི་གཞན་ཚུ་ལུ་ བཤད་པའི་ཤུལ་ལུ་ རྩོད་འགྲན་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ཁྲོམ་དཔོན་ ཚེ་བརྟན་རྡོ་རྗེ་གིས་ ང་བཅས་ལུ་ འཐུས་ཡར་སེང་འཐོབ་སྦེ་ ཁས་ལེན་འབད་ཡོད་རུང་ ད་ལྟོ་འབད་བའི་བསྒང་ལས་ མི་འཐོབ་ནི་མས་ཟེར་སླབ་ད་ ཧེ་མ་ཁས་ལེན་འབད་མི་དང་ རྟགས་མི་མཐུན་པས་ཟེར་ ཚོགས་སྡེའི་ཁྲི་འཛིན་གྱིས་ སླབ་ཨིན་པས།
འཐུས་མི་ཆ་མཉམ་གྱིས་ སླབ་མིའི་ནང་ ཁོང་གིས་ ཁྲོམ་དཔོན་དང་ གྲོས་བསྡུར་འབདཝ་ད་ འཐུས་ཡར་སེང་གི་ གྲོས་འཆར་དེ་ འབྲེལ་ཡོད་ལྷན་ཁག་ལུ་མིན་པར་ ཁྲོམ་སྡེའི་ཚོགས་སྡེ་ལུ་ བཙུགས་དགོཔ་སྦེ་ སླབ་མི་དང་འཁྲིལ་ བཙུགས་ཅི་ཟེར་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཁྲོམ་དཔོན་གྱིས་ ཁོང་གི་གྲོས་འཆར་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནིའི་དོན་ལུ་ ཐིམ་ཕུའི་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་ལུ་ སྤྲོད་ཡོདཔ་སྦེ་ ཁོང་ལུ་ སླབ་ཡོད་རུང་ གྲོས་འཆར་བཙུགས་མ་བཙུགས་ཀྱི་ དོགས་སྣང་སྦོམ་ཡོད་ཟེར་ཨིནམ་ད་ གྲོས་འཆར་དེ་ ཐིམ་ཕུའི་ཁྲོམ་དཔོན་ལུ་མིན་པར་ ང་བཅས་ཀྱི་ ཁྲོམ་དཔོན་གྱིས་ བཙུགས་དགོཔ་ཅིག་ཨིན་ཟེར་ བཤད་ཅི།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ ཚོགས་བཞུགས་འཐུས་ཀྱི་སྐོར་ལས་ སླབ་ནི་མེད་རུང་ ཁྲོམ་སྡེ་གཞན་གྱི་ ཚོགས་བཞུགས་འཐུས་ཀྱི་ གྲོས་འཆར་དེ་ ཁོ་གིས་ ལྷན་རྒྱས་གཞུང་ཚོགས་ནང་ བཙུགས་དགོ་པའི་ འོས་འབབ་མེད་ཟེར་ཨིན་པས།
ཨིན་རུང་ དངུལ་ཕོགས་ཡར་སེང་གི་ གྲོས་འཆར་དེ་ ཤུལ་མའི་བདུན་ཕྲག་ནང་ ལྷན་རྒྱས་གཞུང་ཚོགས་ནང་ བཙུགས་འོང་ཟེར་ ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་ཨིན་པས།
འཐུས་མི་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ རྩོད་འགྲན་དང་ མཁོ་འདོད་བཀོད་པའི་ཤུལ་ལུ་ ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ མཐར་ཕྱིན་ལྷུན་གྲུབ་ཀྱིས་ འཕྲལ་མགྱོགས་ར་ ཁྲོམ་དཔོན་དང་གཅིག་ཁར་ དམིགས་བསལ་གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་སྟེ་ ལོག་སྟེ་ར་ གྲོས་བསྡུར་འབད་འོང་ཟེར་སླབ་ད་ འཐུས་མི་ཚུ་ ཡིད་ཆེས་འདྲོངས་ཚུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ ཞལ་འཛོམས་ནང་མེད་མི་ ཁྲོམ་དཔོན་ཚེ་བརྟན་རྡོ་རྗེ་གིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་མིའི་ནང་ གནད་དོན་དེ་ལུ་ གོ་བ་བརྡ་ལོག་ཡར་སོཔ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ང་གིས་ ཁོང་ལུ་ དངུལ་ཕོགས་ཡར་སེང་གི་གྲོས་འཆར་ ལྷན་རྒྱས་གཞུང་ཚོགས་ནང་ ཕུལ་ནི་ཟེར་ སླབ་མ་གཏོགས་ ཚོགས་བཞུགས་འཐུས་ཡར་སེང་འབད་ནི་གི་ ཁས་ལེན་འབད་འབདཝ་མེད་ཟེར་ ཁྲོམ་དཔོན་གྱིས་ སླབ་ཨིན་པས།
ཐིམ་ཕུའི་ཁྲོམ་སྡེ་འཐུས་མི་ཚུ་གིས་ ཚོགས་བཞུགས་འཐུས་ དངུལ་ཀྲམ་༥,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་གི་ འཐུས་མི་ཚུ་གིས་ དངུལ་ཀྲམ་༣,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment