གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོངས་ཞུ་བྱོན་མི་ བློན་ཆེན་གྱིས་ རྒྱལ་ཡོངས་ལུ་གནང་མི་ ཁ་བྲལ་གསུང་བཤད།

༣༠/༤/༢༠༡༣   ༉ དམངས་གཙོའི་རིང་ལུགས་ལས་བརྟེན་པའི་ རྒྱལ་ཡོངས་ཚོགས་འདུ་དང་པ་འདི་ དགོངསམ་ཞུ་ཚར་ཡི། འདི་དང་འདྲཝ་སྦེ་ བཙག་འཐུ་ལས་གྲུབ་པའི་ གཞུང་དང་པའི་ གནས་ཡུན་འདི་ཡང་ ཚང་སོ་ཡི། ད་རིས་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའི་གནང་བ་བཞིན་དུ་ གནས་སྐབས་ཀྱི་ གཞུང་འདི་ཡང་ གཞི་བཙུགས་འབདཝ་ཨིན་ཟེར་ཞུ་ནི། 
བློན་ཆེན་བགྲེསཔ་ འཇིག་མེད་འཕྲིན་ལས་མཆོག་གིས་ དགོངས་ཞུའི་ཞུ་ཡིག་གུ་ མཚན་རྟགས་བཀོད་གནང་པའི་བསྒང་།


འདི་འབདཝ་ལས་ ནཱ་ལུ་འཛོམས་ཏེ་ཡོད་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་ཡང་ག་ར་ ད་རིས་ལས་ དགོངསམ་ཞུཝ་དང་གཅིག་ཁར་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ཀྱི་ དུས་རིམ་དང་པ་དེ་ མཇུག་བསྡུཝ་ཨིན་ཟེར་ཞུ་ནི།
དུས་རིམ་དང་པ་འདི་ འགོ་མ་བཙུགས་པའི་སྔོན་ལུ་ དམངས་གཙོའི་རིང་ལུགས་འགོ་བཙུགས་ནི་ཨིན་ཟེརཝ་ད་ ང་བཅས་ག་ར་ ཚ་གྱང་ལངས་ཡི། དུས་རིམ་དང་པའི་ཐད་ཁར་ལྷོདཔ་ད་ དམངས་གཙོའི་རིང་ལུགས་འདི་ ལེམས་ཤོམ་འགྱོ་དགོཔ་འདྲཝ་ཅིག་འབད་བ་ཅིན་ དུས་རིམ་དང་པ་དེ་ བཟང་དགོ་ཟེར་ ག་ར་གིས་ དེ་སྦེ་ ཐུགས་བཞེད་གནང་ཡི་ཟེར་ཞུ་ནི། ལེགས་ཤོམ་ཅིག་ འགྱོ་བ་ཅིན་ དམངས་གཙོའི་རིང་ལུགས་དེ་ཡང་ ལེགས་ཤོམ་འགྱོ་འོང་། འདི་ནང་འཛོལཝ་བཅའཝ་ མང་སོཔ་འདྲཝ་འབད་བ་ཅིན་ ང་བཅས་ཀྱི་ དམངས་གཙོའི་རིང་ལུགས་འདི་ ནམ་ར་འབད་རུང་ ལཱ་ཁག་རྐྱབ་འོང་ཟེར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ཡང་ བཀའ་གནང་ཡི་ཟེར་ཞུ་ནི།
ལོ་ལྔའི་རིང་ལུ་ ཚ་གྱང་འདི་བཟུམ་ ཐུགས་ཁར་བསྣམས་ཏེ་ ང་བཅས་རའི་ འབྲུག་གི་མི་སེར་ཆ་མཉམ་གྱི་ ཁ་ཐུག་ལས་ རྒྱལ་རབས་ཅན་གྱི་ འགན་ཁུར་ག་ནི་བ་ ལྕི་དྲགས་འབད་མི་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ བཀལ་གནང་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པའི་ ཁ་ཐུག་ལས་འབད་རུང་ ལོ་ལྔའི་རིང་ ད་རིས་ཚུན་ཚོད་ཀྱི་བར་ན་ གཞུང་སྐྱོང་གི་ འགན་འཁྲི་འདི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ལྟོ་ཚང་༡༡ གིས་ བསྣམས་མཆིས་ཡི་ཟེར་ཞུ་ནི། འདི་བཟུམ་མའི་ རྒྱལ་རབས་ཅན་གྱི་འགན་ཁུར་ ཉེན་ཁ་ཅན་གྱི་འགན་ཁུར་ དཔེ་ལྟ་ས་མེད་པའི་འགན་ཁུར་འདི་ ང་བཅས་ཀྱིས་ འབགཔ་ད་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ཞུ་ནི། ཨིན་རུང་ དང་པ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལམ་སྟོན་ཐུགས་རིག་རྣམ་པར་བཀྲ་བའི་སྒོ་ལས་ གནང་མི་དང་ འདི་དང་འདྲཝ་སྦེ་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ཆོས་སྐྱོང་སྲུང་མ་ཚུ་གི་རྒྱབ་སྐྱོར་ དེ་་གིས་མ་དོ་བར་ ཁྱེད་མི་སེར་ཚུ་གིས་ ང་བཅས་ལུ་ ཐུགས་གཏད་དང་ ཤ་ཚ་གི་སྒོ་ལས་ རྒྱབ་སྐྱོར་གནང་མི་ལུ་བརྟེན་ ལོ་ལྔཔོ་འདི་ ལེགས་ཤོམ་སྦེ་ མཇུག་བསྡུ་ཚུགས་ཅི་ཟེར་ཞུ་ནི།
ལོ་ལྔའི་རིང་ལུ་ ང་བཅས་ཀྱིས་ ལྕི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ དམ་ཚིག་དཔང་བཙུགས་ཐོག་ འབྲུག་གི་རྩ་བ་གསུམ་འདི་ སྒྲིང་སྒྲིང་བཟོ་ནི་ལུ་ གཙོ་བོར་བཏོན་ཡི་ཟེར་ཞུ་ནི།
ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནང་མི་གོ་ས་ ཁྱེད་མི་སེར་གྱིས་གནང་མི་འགན་ཁུར་འདི་ ང་བཅས་ཀྱི་སྤང་པའི་ཉིནམ་འདི་ནང་ ང་བཅས་ལུ་ རེ་བ་ག་ཅི་ཡོད་གོ་ཟེར་བ་ཅིན་ ཁྱེད་མི་སེར་ཚུ་ལུ་ ཐུགས་ཕམ་ཅིག་ མ་བྱུངམ་འོང་ཟེར་མི་འདི་ཨིན། ཁྱེད་མི་སེར་ཚུ་གི་ རེ་འདུན་འདི་ ང་བཅས་ཀྱིས་ བཀང་ཚུགས་ཅི་ག་ཟེར་བའི་ ཚ་གྱང་ཅིག་ ཡོད་ཟེར་ཞུ་ནི།
འདི་གི་ལན་འདི་ འཕྲལ་ར་ ཁྱེད་མི་སེར་ཚུ་གི་ ཚོགས་རྒྱན་གྱི་ཐོག་ལས་སྦེ་ ང་བཅས་ཀྱིས་ ཧ་གོ་ཚུགས་ནི་མས་ཟེར་ཞུ་ནི། ཁྱེད་མི་སེར་ཚུ་གི་ ཁ་ཐུག་ལས་ ལན་ག་ཅི་ར་ཨིན་རུང་ ང་བཅས་འབྲུག་ཕུན་སུམ་ཚོགས་པའི་ བཟའ་ཚན་ཚུ་གི་ ཁ་ཐུག་ལས་ དེ་ལུ་ གུས་ཞབས་ཀྱི་སྒོ་ལས་ ངོས་ལེན་འབད་ནི་ཨིན་ཟེར་ཞུ་ནི། ལོ་ལྔ་གི་རིང་ འདི་བཟུམ་མའི་ གོ་སྐབས་གནང་མི་དེ་གིས་ར་ གནམས་མེད་ས་མེད་ བཀྲིན་དགའ་ཚོར་བསམ་ཏེ་ར་ སྡོད་ནི་ཨིནམ་ལས་ ནམ་ཡང་མི་བརྗེད་ཟེར་ཞུ་ནི།
ང་བཅས་མི་སེར་ཚུ་ག་ར་ བཙག་འཐུའི་ཕྱག་ལཱ་ མཛད་རནམ་བཞིན་དུ་ བཙག་འཐུ་འདི་ལས་བརྟེན་ཏེ་ སྤྱི་ཚོགས་གཉིས་པ་དེ་ འགྲུབ་དགོ་ཟེར་ཞུ་ནི། སྤྱི་ཚོགས་གཉིས་པ་ལས་སྦེ་ ང་བཅས་ཀྱི་ དམངས་གཙོའི་རིང་ལུགས་ལས་བརྟེན་པའི་ བཙག་འཐུ་ལས་གྲུབ་པའི་ གཞུང་གཉིས་པ་དེ་ཡང་ གཞི་བཙུགས་འབད་དགོ་ཟེར་ཞུ་ནི།
ཚོགས་རྒྱན་འདི་ བཙུགས་ས་ལུ་ལྷོདཔ་ད་ མི་སེར་ག་ར་གིས་ ཐུགས་ཚ་གྱང་བསྣམ་ཏེ་ ང་བཅས་རའི་ རྒྱལ་ཁབ་དང་ བཟའ་ཚན་ གཡུས་སྒོའི་མཐའ་དོན་ལུ་ཨིན་ཟེར་ ཐུགས་བཞེད་གནང་སྟེ་ མི་འཛོལ་འོང་ཟེར་བའི་ རེ་བ་ཡོད་ཟེར་ཞུ་ནི།
མ་གཞི་ ང་གིས་ ག་ཅི་ཤེས་དགོ་ཟེར་བ་ཅིན་ ང་བཅས་རའི་ འབྲུག་རྒྱབ་ཁབ་འདི་ནང་ མི་སེར་མང་ཤོས་ཅིག་ འབྲི་ལྷག་མ་ཤེས་ཏེ་འབད་རུང་ འབྲི་ལྷག་ཤེས་མི་ བརྒྱ་ཆ་༦༣ ལས་མེད་རུང་ འབྲུག་པའི་མི་ལུ་ ཕ་མས་བྱིན་བྱིནམ་གི་ ཡོན་ཏན་ཡོད་པའི་ཁར་ ཤེས་རབ་ཡོད་མི་ལུ་བརྟེན་ རང་ལུ་ཕོག་པའི་ འགན་ཁུར་ མི་དབང་མངའ་བདག་རིན་པོ་ཆེ་གིས་གནང་མི་ ནོརབུ་དེ་ སྤྱོདཔ་ད་ལུ་ མི་འཛོལ་ཟེར་ ཞུ་ནི་ཨིན།
འདི་འབདཝ་ལས་ ང་བཅས་ལུ་ བསྡོམས་ཀྱིས་ སྲིད་ཚོགས་༥ འདུག་ཟེར་ཞུ་ནི། ང་བཅས་སྲིད་ཚོགས་༥ པོ་འདི་དང་ སྲིད་ཚོགས་ཀྱི་ ཕྱག་ལཱ་མཛད་མི་ དེ་ལས་ འདེམས་ངོ་དེ་ཚུ་ལུ་ འགན་ཁུར་སྦོམ་ ག་ནི་ཡང་མེད་པའི་ཁར་ ལཱ་ཁག་རྐྱབ་དགོཔ་ཡང་ ག་ནི་ཡང་ མིན་འདུག་ཟེར་ཞུ་ནི། ང་བཅས་ཀྱི་ འགན་ཁུར་ཟེར་རུང་ མི་སེར་གྱི་ སྐུ་མདུན་ལུ་ བཅར་ཞིནམ་ལས་ རང་རང་སོ་སོའི་ཁ་ཐུག་ལས་ སྲིད་ཚོགས་ཀྱི་ ཕྱག་ལཱ་ག་དེ་སྦེ་ མཛད་ནི་ཨིན་ན་དང་ སྲིད་བྱུས་ག་ཅི་ཡོད་ག་ ཕྱག་ག་དེ་སྦེ་ ཞུ་ནི་ཨིན་ན་ འདི་ར་ཧིང་སངས་ས་སྦེ་ ཞུ་བ་གིས་ བཏུབ་ཟེར་ཞུ་ནི་ཨིན། དེ་ལས་ ཚོགས་རྒྱན་བཙུགས་ས་ལུ་ལྷོདཔ་ད་ འགན་ཁུར་འདི་ མི་སེར་ལུ་ ཕོགཔ་ཨིནམ་ལས་ ང་བཅས་ཀྱིས་ འདི་ནང་ལུ་ གནམ་མེད་ས་མེད་འབད་དགོཔ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཞུ་ནི།
སྤྱི་ཟླ་༧ པའི་ཟླ་ཕྱེད་ལས་ གཞུང་གསརཔ་འདི་ བཙག་འཐུ་འགྲུབ་ནི་མས་ཟེར་ཞུ་ནི། གཞུང་གསརཔ་དེ་ ག་འོང་རུང་ མི་སེར་གྱི་ ཁ་ཐུག་ལས་ གཞུང་གསརཔ་གི་ འགན་ཁུར་དེ་ ག་ལུ་བཀལ་ཏེ་འབད་རུང་ ང་བཅས་ར་ འབྲུག་པའི་མི་ཆ་མཉམ་གྱིས་དང་ འདི་དང་འདྲཝ་སྦེ་ གཞུང་སྐྱོང་ནི་གི་ འགན་ཁུར་མ་ཐོབ་མི་ སྲིད་ཚོགས་ག་ར་གིས་ ལུས་ངག་ཡིད་གསུམ་གྱི་ཐོག་ལས་ མི་སེར་གྱིས་ བཙག་འཐུ་གྲུབ་པའི་ གཞུང་དེ་ལུ་ རྒྱབ་སྐྱོར་མཛད་གནང་ཟེར་ཞུ་ནི་ཨིན།
དེ་ལས་ བཙག་འཐུ་འདི་ མཇུག་བསྡུ་བའི་ཉིནམ་དང་ རང་གི་ཚོགས་རྒྱན་འདི་ བཙུགས་ཚར་བའི་ ཉིནམ་དེ་གི་ཚེས་ལས་ ང་བཅས་ག་ར་ རང་རང་སོའི་གནས་ལུ་ ལོག་སྟེ་འགྱོ་ཞིནམ་ལས་ སྔར་བཟུམ་སྦེ་ དགའ་ཏོག་ཏོ་ མཐུན་ཏོག་ཏོ་ འགྲིགས་ཏོག་ཏོ་ཐོག་ལུ་ ཨ་རྟག་ཧར་ལུགས་སྦེ་ བཞུགས་ཏེ་བཀྲིན་གནང་ཟེར་ཞུ་ནི།
ང་བཅས་བློན་པོ་དགོངསམ་ཞུ་འགྱོ་མི་ཚུ་ལུ་ ཚ་གྱང་ཡོད་མི་དེ་ཡང་ སྤྱིར་བཏང་གི་ བཙག་འཐུ་འདི་ ཆརཔ་རྐྱབ་པའི་དུས་ལུ་ ཕོགཔ་ཨིནམ་ལས་ འཁོར་ལམ་གསརཔ་ མང་ཧད་རྫོགསཔ་ཅིག་ཡོད་པའི་ཁར་ གཡུས་ཁ་ལུ་ཡོད་མི་ སྣུམ་འཁོར་ཚུ་ རྙིངམ་དང་ རོ་ཁོག་སྦེ་ སྣུམ་འཁོར་བཏང་མི་ ལགཔ་གསརཔ་འབད་བ་ལུ་བརྟེན་ བཙག་འཐུའི་སྐབས་ མི་སེར་ཚུ་ལུ་ ཉེན་ཁ་རེ་མི་འབྱུང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཞུ་ནི། དེ་ལས་བརྟེན་ཏེ་ ང་བཅས་ཀྱིས་ མི་སེར་ཡོངས་ལུ་ གསོལཝ་བཏབ་དགོ་མི་དེ་ཡང་ ཐུགས་རིག་བསྒྱིམ་གནང་ཟེར་ཞུ་ནི།
མཇུག་ར་ ང་བཅས་འབྲུག་ཕུན་སུམ་ཚོགས་པའི་ བཟའ་ཚང་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མིའི་ཁ་ཐུག་ལས་ དང་པ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཞུ་ནི།  གཉིས་པ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ གཞུང་གྲྭ་ཚང་ རབ་སྡེ་ ཆོས་སྡེ་དགོན་སྡེ་ ཨ་ནེམོ་གི་དགོན་སྡེ་ དེ་ནང་བཞུགས་པའི་བླམ་སློབ་དཔོན་ ཨ་ནེམོ་ཆ་མཉམ་ལུ་ ཁོང་གིས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ རྩ་བ་གསུམ་གྱི་མཐའ་དོན་ལུ་ ཐུགས་སྨོན་ལེགས་ཤོམ་གནང་མི་དེ་ལུ་ བཀྲིན་ཆེ་ཟེར་ཞུ་ནི། 
དེ་དང་གཅིག་ཁར་ ང་བཅས་ཀྱི་ གཞུང་གི་ཞི་གཡོགཔ་དང་ ལས་འཛིན་ཚུ་ནང་ ཕྱག་ལཱ་མཛད་མི་ལས་གཡོགཔ་ ས་གནས་གཞུང་སྐྱོང་གི་ འགོ་ཁྲིདཔ་ཆ་མཉམ་གྱིས་ ད་རིས་གཞུང་གིས་ བརྩམས་གནང་བའི་ ལས་རིམ་འདི་ ལེགས་ཤོམ་སྦེ་ གྲུབ་འབྲས་བཏོན་ནིའི་ཐབས་ལུ་ ཕྱག་ལག་དེ་དྲག་དྲག་ཞུ་གནང་མི་ལུ་ བཀྲིན་ཆེ་ཟེར་ཞུ་ནི། ང་བཅས་གཞུང་སྐྱོང་མི་ཨིན་རུང་འདྲ་ མི་སེར་ཨིན་རུང་འདྲ་ རྒྱལ་ཁབ་འདི་ནང་ལུ་ ང་བཅས་ཆ་ཁྱབ་ སྲུང་སྐྱོབ་ཀྱི་སྐོར་ལས་ ཚ་གྱང་མ་ལང་པ་ སྐྱིད་ཏོང་ཏོ་སྦེ་ སྡོད་ནི་གི་ གོ་སྐབས་བཟོ་གནང་མི་ ང་བཅས་རའི་ དྲག་ཁག་གསུམ་གྱི་ དམག་མི་ཚུ་ལུ་ ཁོང་རའི་སྲོག་ར་ཨིན་རུང་ ནམ་ར་ཨིན་རུང་ སྤང་ཆོག་ཆོ་སྦེ་ ཕྱག་ཞུ་མི་དེ་ལུ་ བཀྲིན་ཆེ་ཟེར་ ཞུ་ནི་ཨིན།
དེ་དང་འདྲཝ་སྦེ་ ང་བཅས་ཀྱི་ ཚོང་པ་ཚུ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་པའི་ ཕྱག་གནམ་མེད་ས་མེད་ལེགས་ཤོམ་ཞུ་ཡི་ཟེར་ཞུ་ནི། ཁོང་ར་གིས་ ཁེ་སང་བཟོ་བའི་ ལཱ་འབད་མི་གུ་ ནམ་ར་འབད་རུང་ རྒྱལ་ཁབ་ལུ་ ག་ཅི་ར་ཁག་ཆེ་སྟེ་འབད་རུང་ ཆོས་ཀྱི་ཁ་ཐུག་ལས་ཨིན་རུང་འདྲ་ མི་སྡེའི་ཁ་ཐུག་ལས་ སྟབས་བདེཝ་མ་བདེཝ་ རྐྱེན་ངན་བྱུང་སྟེ་འབད་རུང་འདྲ་ ཕྱག་ཞུ་མི་དེ་ལུ་ ང་བཅས་ག་རའི་ ཁ་ཐུག་ལས་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ ཞུ་ནི་ཨིན།
མཇུག་མཇུག་ར་ འབྲུག་གི་མི་སེར་ཆ་མཉམ་ལུ་ ད་ཚུན་གྱིབར་ན་ ཁོང་གིས་ ང་བཅས་ལུ་ ཐུགས་གཏད་ཐོག་ལས་ རྒྱབ་སྐྱོར་གནང་ དོ་བཟུམ་མའི་ འགན་ཁུར་བཟང་པོ་གནང་མི་དེ་ལུ་ བཀྲིན་ཆེ་ཟེར་ཞུ་ནི།
ད་ལས་ཕར་ ནམ་ར་འབད་རུང་ ང་བཅས་ར་ འབྲུག་རྒྱལ་ཁབ་ཀྱི་ མི་སྡེའི་གོངམ་ གདོང་བཟང་ཐོག་ལས་ སྤོ་སྟེ་འགྱོཝ་ད་ལུ་ འདི་ལྷོད་པའི་ ས་གོ་འདི་ ད་རིས་བ་ལྷགཔ་སྦེ་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་སྨིན་བཅུག་ཅི་ཟེར་ སྨོན་ལམ་བཏབ་ཨིན་ཟེར་ཞུ་ནི། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་རྒྱལ་ལོ།
 
བཀྲིས་བདེ་ལེགས།

No comments:

Post a Comment