གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀ་ཀ་ཚེ་རིང་གིས་ ཚོགས་རྒྱན་༢༤༢༢ ཐོབ་སྟེ་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣  ༉ སྤ་རོ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལས་ དོ་འགྲན་འབད་མི་ འདེམས་ངོ་༥ ཡོད་ས་ལས་ ཝང་ལྕང་རྒེད་འོག་ལས་ སྐྱེས་ལོ་༤༩ ལང་མི་ ཀ་ཀ་ཚེ་རིང་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༤༢༢ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྤ་རོ་ལུགས་གཉིས་རྒེད་འོག་ནང་ བཙག་འཐུའི་བརྡ་བྱང་གུ་སྦྱར་བཞག་མི་ འདེམས་ངོ་ཚུ་གི་པར་དང་ ཁས་བླངས་གསལ་བསྒྲགས་ཚུ་ སྤོག་བཏང་ཡོདཔ་ཨིན་མས།


ནཱ་རྒྱ་རྒེད་འོག་ལས་ སྐྱེས་ལོ་༢༥ ལང་མི་ ཀུན་ལེགས་རྡོ་རྗེ་གིས་ ཚོགས་རྒྱན་༢༠༧༥ ཐོབ་ཡོདཔ་ད་ ལམ་གོང་རྒེད་འོག་ལས་ཨིན་མི་ ཨོ་རྒྱན་ཚེ་རིང་གིས་ ཚོགས་རྒྱན་༢༠༧༡ ཐོབ་པའི་ཁར་ ཤར་རི་རྒེད་འོག་ལས་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༢༠༥༦ ཐོབ་ཡོདཔ་མ་ཚད་ ལུང་གཉིས་རྒེད་འོག་ལས་ སྐྱེས་ལོ་༥༣ ལང་མི་ ཚེ་དབང་ནོར་བུ་གིས་ ཚོགས་རྒྱན་༡༥༨༣ ཐོབ་ཡོདཔ་ཨིན་པས།
སྤ་རོ་ རྡོབ་ཤར་རི་ལུ་ ཁྱིམ་གུང་ཅིག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༡༣ ཡོདཔ་བཞིན་དུ་ ཁོང་ག་ར་གིས་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་ནང་ ཚོགས་རྒྱན་གྱི་ ཁག་ཆེ་ལུགས་ཀྱི་སྐོར་ལས་ ཧ་གོ་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ བཙན་སྐྱོགས་སྒྲོལམ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རང་གི་ གཡུས་སྒོའི་ནང་ ཉམས་མྱོང་དང་  ལྕོགས་གྲུབ་ཡོད་མི་ འདེམས་ངོ་ བཙག་འཐུ་འབད་དགོཔ་དེ་ ཁག་ཆེཝ་ལས་ ཚོགས་རྒྱན་བཙུགས་དགོཔ་ ངེས་བདེན་ཨིན་ཟེར་ཨིན་པས།
མོ་རའི་བཟའ་ཚང་ནང་མི་ཚུ་གིས་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་དེ་ མོ་གིས་སླབ་མི་ཤེས་ཟེར་ཨིན་རུང་ ཁྱིམ་ནང་ བཤད་ཐོ་བཏང་སྡོད་པའི་སྐབས་ ལྕོགས་གྲུབ་ཡོད་མི་དང་ རང་གི་ གཡུས་སྒོའི་ནང་ ཕན་ཐོགས་ཚུགས་ནི་ཨིན་མི་དེ་ བཙག་འཐུ་འབད་དགོ་འོང་ཟེར་ སླབ་ཅི་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ མི་སེར་ཚུ་གིས་ སྤྲོ་སྣང་གི་ཐོག་ལས་ ཚོགས་རྒྱན་བཙུགས་པར་་འོང་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ གྱལ་ནང་སྡོད་པའི་སྐབས་ལུ་ཡང་ གཅིག་གིས་གཅིག་ལུ་ དགའ་སྤྲོའི་ཐོག་ལས་ དཀྲོགས་ནི་དང་ རྩེདམོ་རྩེ་ས་ཡང་མཐོངམ་ཨིན་པས།
ཤ་རི་འབྲིང་རིམ་སློབ་གྲྭ་བར་མའི་ནང་དང་ རམ་ན་ཟམ་གྱི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པ་འོང་མི་ ལེ་ཤ་ཡོདཔ་ལས་ མི་སེར་ལ་ལུ་ཅིག་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ཡར་ལོང་སྡོད་དགོཔ་ཐོན་ཡོདཔ་མ་ཚད་ ཉི་མའི་ལྟོ་ཡང་ ཕྱིས་སུ་སྦེ་ བཟའ་བར་ འགྱོ་དགོཔ་ཐོན་སོ་ཡི།
ཤར་རི་ སྦ་ར་ལས་ཨིན་མི་ སྐྱེས་ལོ་༤༦ ལང་མི་ རྣམ་རྒྱལ་ལྷ་མོ་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ཁྱིམ་ནང་དང་ ཨ་རིང་ནང་ ལཱ་གཡོག་ལེ་ཤ་ཅིག་ ཡོད་དེ་འབད་རུང་ ད་ལྟོའི་གནས་སྟངས་ནང་ རང་ལུ་ ཁག་ཆེ་ཤོས་དེ་ ལྕོགས་གྲུབ་ཅན་གྱི་ མི་ངོམ་བཙག་འཐུ་འབད་ནི་དེ་ ཨིན་ཟེར་མནོ་སྟེ་ ཁྱིམ་ནང་ཡོད་མི་ག་ར་ ཚོགས་རྒྱན་བཙུགས་པར་ ཁྱིད་འོང་ཡི་ཟེར་ཨིན་པས།
ཁ་ཙ་ ཚོགས་རྒྱན་བཙུགས་སའི་ མཐོང་སྣང་ལུ་ལྟཝ་ད་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་བ་ཡང་ ཨམ་སྲུ་མང་སུ་སྦེ་ འོང་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
ཚོགས་རྒྱན་བཙུགས་པར་འོང་མི་ ཕོ་སྐྱེས་༡ གིས་ སླབ་མིའི་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་ཉུང་མི་དེ་ ད་རེས་ནངས་པ་ དགེ་སློང་ནང་འཛུལ་མི་ མང་ནི་དེ་གིས་ ཨིནམ་འོང་ཟེར་ཨིན་པས།
སྐྱེས་ལོ་༦༢ ལང་མི་ ཚེ་རིང་དཔལ་མོ་གིས་ མོ་རའི་ ཨ་ལུ་ ཞི་གཡོག་ནང་ཡོད་མི་ཚུ་ཡང་ ག་ར་ ཚོགས་རྒྱན་བཙུགས་པར་ འབོ་ཡོདཔ་ཨིན་པས།
ཨམ་ཚེ་རིང་དཔལ་མོ་གིས་ འབད་བ་ཅིན་ མོ་གི་ ཨ་ལུ་ཚུ་ལུ་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ སླབ་ཅི་ཟེར་ཨིན་རུང་ ཨ་ལུ་ཚུ་གིས་ མོ་གི་གདོང་ཁ་ལུ་ངོས་ལེན་འབད་རུང་ མཐའན་འཇུག་གི་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ ཁོང་ར་ངོ་རྐྱང་ལུ་ དབང་ཚད་ཡོད་ནི་དེ་གིས་ སླབ་མི་ཤེས་པས་ཟེར་ཨིན་པས།
འདེམས་ངོ་ ཀ་ཀ་ཚེ་རིང་གིས་ ཚོགས་རྒྱན་གྱི་ གྲུབ་འབྲས་ཐོན་ཚརཝ་ཅིག་ སེམས་དགའ་བའི་ཤུགས་ཀྱིས་ བློ་སླབ་ལོང་ཡང་མེད་པར་ ཁོ་རའི་བཟའ་ཚང་དང་ རྒྱབ་སྐྱོར་པ་ དེ་ལས་ ཆ་རོགས་ཚུ་ལུ་ ཁོ་རྒྱལ་ཁ་ ཐོབ་ཅི་ཟེར་བའི་ གནས་ཚུལ་ བརྡ་སྤྲོད་འབད་དགོ་ཟེར་ སླབ་སྟེ་ སོང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་་ཤེས་སྒྲོལ་མ།

No comments:

Post a Comment