གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྡེ་ནང་ གནོད་པའི་ལཱ་མ་འབད་མི་ལུ་བརྟེན་ མི་ཚུ་གིས་ དགའ་དོ་ཡོདཔ།

༢༧/༤/༢༠༡༣   ༉ སྤ་རོ་ བོང་སྡེ་ཁྲོམ་གྱི་ ཉེ་འདབས་ལུ་ གློག་མེ་དང་ འཐུང་ཆུ་མེད་པའི་ སྦ་སྒོར་ཁང་མིག་༡ ནང་ སྐྱེས་ལོ་༦༣ ལང་མི་ ཨཔ་རིག་འཛིན་ཟེར་མི་ཅིག་ སྡོད་དོ་ཡོདཔ་ཨིན་པས།
སྤྱང་འཁྱམས་སྡོད་མི་ རིག་འཛིན།


ཨཔ་རིག་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ ཁོ་རའི་གཡུས་དེ་ བོང་སྡེ་ཁྲོམ་ལས་ ཁ་ཡར་བལྟ་སྟེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ས་གནས་ དགོན་ཁ་ལས་ཨིན་ཟེར་ཨིནམ་ད་ ད་རེས་ དེ་བཟུམ་མའི་ གནས་སྟངས་ནང་ སྡོད་དགོ་མི་དེ་ཡང་ ཧེ་མ་ཁོ་རའི་ཨའི་ གྱོང་སོ་པའི་ཤུལ་ལས་ གཡུས་ཁར་སྡོད་མི་ སྤུན་ཆ་ཚུ་དང་ མ་འཆམ་མི་ལུ་བརྟེན་ སྤ་རོ་ཁྲོམ་བཤལ་རྐྱབ་སྟེ་ སྡོད་དགོཔ་བྱུང་ཡི་ཨིན་པས།
རིག་འཛིན་གྱིས་ ཁྲོམ་བཤལ་རྐྱབ་ཐོག་ལས་ འགྲོ་འགྲུལ་འཐབ་མི་ མི་ཚུ་ལས་ ཏི་རུ་ཚུ་ལྷང་སྟེ་ ཁོ་རའི་དོན་ལུ་ བཞེས་སྒོ་ཚུ་ ཉོ་བཟའ་དོ་ཡོདཔ་ད་ བཞེས་སྒོ་ཡང་ མང་སུ་ཅིག་ དཀར་ཕྱེ་ཉོ་བཟའ་དོ་ཡོདཔ་ཨིན་པས།
ཁོ་གིས་ དྲོ་པ་ལས་ ཁྲོམ་ཁར་བཤལ་སྡོད་དོ་ཡོདཔ་ད་ ཕྱི་རུ་ཁམས་ཅིག་ལས་ ཤིང་དྲ་ཁང་ནང་ སོང་ཞིནམ་ལས་ མེ་འཕུ་ནིའི་དོན་ལུ་ ཤིང་བསྡུ་བསྒྱོམ་འབད་དེ་ ཁོ་རའི་ ཁྱིམ་ནང་འགྱོཝ་ཨིན་པས།
དེ་ལས་ མེ་འཕུ་སྟེ་ ཉེ་འདབས་ཀྱི་ ཁྱིམ་ཚང་ཚུ་ལས་ ཆུ་དབོག་ཞིནམ་ལས་ བཞེས་སྒོ་འབད་དེ་ བཟའ་དོ་ཡོདཔ་ཨིན་པས།
བོང་སྡེ་ཁྲོམ་གྱི་ ཚོང་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རིག་འཛིན་ཁོ་རང་ སེམས་གཏན་ཏོག་ཏོ་ མེད་མི་ཅིག་བཟུམ་སྦེ་ མཐོང་དོ་ཡོདཔ་ཨིན་རུང་ ཁོ་གིས་ ས་གནས་ནང་སྡོད་མི་ཚུ་ལུ་ གནོདཔ་བཀལ་བའི་ལཱ་ ག་ཅི་ཡང་ འབད་ནི་མེད་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་འབད་བ་ཅིན་ བོང་སྡེ་ཟམ་གྱི་འོག་ལུ་ ཚོད་བསྲེ་བཙོང་སའི་ ས་ཁོངས་ནང་ཡོད་པའི་ སྦ་སྒོར་ཅིག་ནང་ སྡོད་ཡོདཔ་ཨིན་རུང་ ད་ལྟོ་ སྤོ་བཤུད་འབད་དེ་ ཤིང་དྲ་ཁང་༡ གི་སྦོ་ལོགས་ཁར་ སྡོདཔ་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ རིག་འཛིན་ལུ་ བཞེས་སྒོ་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།
ཨཔ་རིག་འཛིན་གྱིས་ ཁ་ལེགས་ཤོམ་སྦེ་ སླབ་ཚུགས་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མ་གཞི་ མི་ཚུ་ལས་ ལྷངམ་རྐྱབ་པའི་སྐབས་ ངོ་ཚ་དོ་ཡོདཔ་ཨིན་རུང་ དེ་སྦེ་མ་འབད་བ་ཅིན་ ལྟོ་མ་ཐོབ་པར་ ཤི་ནི་གི་ཉེན་ཁ་ འདུག་ཟེར་ཨིན་པས།
མ་གཞི་ ཁོ་གིས་ལྷང་པའི་སྐབས་ མི་མང་ཤོས་ཅིག་གིས་ ཏི་རུ་༡༠ དང་༢༠ དེ་རེ་ བྱིན་དོ་ཡོདཔ་ད་ ཏི་རུ་༣༠ གི་ དཀར་ཕྱེ་ཉོ་བཞག་མི་དེ་གིས་ ཉིནམ་༤ དེ་ཅིག་ ལང་ཚུགས་པས་ཟེར་ཨིན་པས།
ས་གནས་ནང་ སྡོད་མི་ཚུ་གིས་འབད་བ་ཅིན་ ཨཔ་རིག་འཛིན་དེ་ ལོ་ངོ་༡༠ དེ་ཅིག་གི་ ཧེ་མ་ལས་ར་ ས་གནས་ནང་ ཡར་བཤལ་ མར་བཤལ་རྐྱབ་སྟེ་ སྡོད་སར་མཐོང་ཡི་ཟེར་ཨིནམ་ད་ ཁོ་ལུ་ མི་མང་ཤོས་ཅིག་གིས་ར་ དགའ་དོ་ཡོདཔ་ཨིན་པས།
གོ་ལ་ར་རྡུག་ཅིག་གྱོན་མི་ རིག་འཛིན་གྱིས་ འདས་པའི་དུས་ཚོད་ཚུ་ དྲན་ཚོར་འབད་དེ་ སླབ་མིའི་ནང་ ཧེ་མ་ ཁོ་རའི་ཨའི་སྡོད་པའི་སྐབས་ གཡུས་ཁར་ བཟོ་བོ་གི་ ལཱ་འབད་དེ་སྡོད་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁོ་ར་ བོང་སྡེ་ཟམ་གྱི་འོག་ལུ་ གྱང་ས་ཅིག་ནང་ སྡོད་ཡོདཔ་ཨིན་རུང་ ཤུལ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ ད་རེས་སྡོད་སའི་ གྱང་ས་དེ་ རྐྱབ་ཐོག་ལས་ སྤོ་བཤུད་འབད་ བྱིན་ཡོདཔ་ཨིན་པས།
རིག་འཛིན་གྱིས་འབད་བ་ཅིན་ ཁོ་གི་ཁྱིམ་ནང་ ཀ་ལ་རྫམ་༣ དེ་ཅིག་ ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ མི་གཞན་ལུ་ ཁྱིམ་གྱི་སྒོ་ཕྱེ་སྟེ་ བཏོན་མ་བཏུབ་མི་དེ་ཡང་ ཧེ་མ་ཡང་ ཁོ་གི་ཀ་ལ་རྫམ་ཚུ་ ཨར་རྐུན་ཤོར་མི་ལུ་བརྟེན་ཏེ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment