གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༣༠/༤/༢༠༡༣   རང་མོས་དང་ རྣམ་དག་གི་སྒོ་ལས་ བཙག་འཐུ་འབད་དགོ་པའི་འགན་ཁུར།
༉ སྤྱི་ཟླ ༤ པའི་ཚེས་༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམངས་གཙོ་ཅན་གྱི་སྒོ་ལས་ བཙག་འཐུ་གྲུབ་མི་ འབྲུག་ཕུན་ཚོགས་པའི་ གཞུང་སྐྱོང་དང་པའི་ གནས་རིམ་ཚངམ་དང་འབྲེལ་ གནས་སྐབས་ཀྱི་ གཞུང་བསྐོ་བཞག་དང་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ཚེས་གྲངས་ཚུ་ གསལ་བསྒྲགས་ཀྱི་ བཀའ་ཤོག་༢ གནང་མི་དང་བསྟུན་ རྒྱལ་ཁབ་འདི་ ད་རུང་ གནས་ཡུན་ལོ་༥ གི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་དང་ གཞུང་གསརཔ་བཙག་འཐུ་འབད་ནིའི་ རྒྱལ་རབས་ཅན་གྱི་ བཙག་འཐུའི་བྱ་རིམ་ཐེངས་༢ པ་འགོ་འདྲེན་འཐབ་ནི་གི་ གྲ་སྒྲིག་འབདཝ་ཨིན་པས།



འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ གཞུང་གི་དུས་རྒྱུན་གྱི་ འཛིན་སྐྱོང་འཐབ་མི་ གནས་སྐབས་ཀྱི་གཞུང་ཅིག་ བསྐོ་བཞག་གནང་དགོ་མི་དེ་ཡང་ སོར་སྒྱུར་གྱི་ དུས་ཡུན་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ དགོངས་ཞུ་འབད་དེ་ འགོ་བཙུགས་རན་མི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནི་རྐྱངམ་གཅིག་མིན་པར་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ཚུགས་ཐབས་ལུ་ཨིན་མས།
འདི་འབདཝ་ད་ ད་ཚུན་གྱི་བར་ན་ མི་སེར་དང་ སྲིད་དོན་པ་མང་ཤོས་ར་ བཙག་འཐུའི་ཚེས་གྲངས་ཚུ་ གསལ་བསྒྲགས་གནང་ནིའི་དོན་ལུ་ བསྒུགས་ཡོདཔ་ད་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་དེ་ ད་རིས་ལས་ ཟླཝ་༡ ཀྲིག་ཀྲི་ཡོད་མི་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་འདྲེན་འཐབ་ནི་དང་ སྤྱིར་བཏང་བཙག་འཐུའི་ བྱ་རིམ་ཚུ་ བདུན་ཕྲག་༦ དེ་ཅིག་གི་རྒྱབ་ལས་ གནམ་བྱཱར་གྱི་ ཆར་ཆུ་འབོལ་བའི་དུས་ཚོད་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འབད་ནི་ཨིན་མས།
ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་ཐོག་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་ནི་དང་ བསྐུལ་བསྒྲགས་ཀྱི་ ཚེས་གྲངས་གསལ་བསྒྲགས་འབད་མི་ལུ་ལྟཝ་ད་ སྲིད་དོན་ཚོགས་པ་༥ གི་འདེམས་ངོ་ཚུ་ བདུན་ཕྲག་ཤུལ་མ་ལས་ རྒྱལ་ས་ལྟེ་བ་ལས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་འགྱོ་ནི་ འགོ་བཙུགས་ནི་ཨིན་མས།
ད་རུང་ སྤྱི་ཟླ་༧ པའི་ནང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༥ ལས་༢ བཙག་འཐུ་འབད་ཐབས་ལུ་ འགོ་ཐོག་བཙག་འཐུ་འགོ་འདྲེན་འཐབ་ནི་ཨིན་མི་དེ་ཡང་ རྒྱལ་རབས་ཅན་ཅིག་ཨིནམ་ད་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་དང་པའི་ནང་ སྲིད་དོན་ཚོགས་པ་༢ ལས་བརྒལ་ མ་ཐོན་ནི་དེ་གིས་ འགོ་ཐོག་བཙག་འཐུ་འབད་དགོཔ་མ་ཐོན།
འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་མི་བཟུམ་ སྲིད་ཚོགས་༥ ཆ་ར་གཅིག་ཁར་སྦེ་ བསྐུལ་བསྒྲགས་འབད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་ནི་ཨིནམ་ལས་ སོ་ནམ་ལཱ་ཚུ་ལུ་ འདུ་འཛི་ཅན་སྦེ་སྡོད་མི་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་དང་ ལཱ་ལྟོ་གངམ་མི་ཆག་པའི་ ཕན་ཁྱད་འབྱུང་ནི་ཨིནམ་ད་ སྲིད་དོན་པ་ཚུ་གིས་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་དང་ རྩོད་འགྲན་ཚུ་ རྒྱང་མཐོང་ནང་ཡང་ དངོས་མཐོང་སྦེ་ གསལ་སྟོན་འབད་ནི་ཨིན་མས།
འབྲུག་རྒྱལ་པོ་མཆོག་ལས་གནང་མི་ བཀའ་ཤོག་ནང་ རྒྱལ་ཡོངས་ཚོགས་འདུ་འདི་ ག་ནི་བ་གལ་ཆེ་བའི་ ལེགས་ལྡན་གཞུང་སྐྱོང་གི་ གཙུག་སྡེ་ཅིག་ཨིན་མི་དེ་ གཞུང་གི་དབུ་ཁྲིད་དང་ བློན་པོའི་ལྷན་རྒྱས་ ལྡོག་ཕྱོགས་འགོ་ཁྲིདཔ་ རྒྱལ་ཁབ་ནང་གི་ གོ་གནས་མཐོ་བའི་ཁྲིམས་བཟོ་ཚོགས་ཁང་འདི་ལས་བྱུངམ་ཨིན་ཟེར་ བཀོད་གནང་ཡོདཔ་ད་ དེ་འབདཝ་ལས་ དམངས་གཙོའི་ལམ་ལུགས་ལས་བརྟེན་ རྒྱལ་ཁབ་ཀྱི་ མཐའ་དོན་དང་ མི་སེར་གྱི་ རེ་འདོད་ཚུ་ ལེགས་ཤོམ་སྦེ་ འགྲུབ་ཚུགས་ནིའི་དོན་ལུ་ ཚོགས་རྒྱན་གྱི་ ཁྱད་ཚད་ལྡན་པའི་ མི་མང་ཡོངས་ཀྱིས་ གཞི་རྟེན་ཐོབ་དབང་དང་འཁྲིལ་ཏེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་ཏེ་ མི་ངོ་ལྕོགས་གྲུབ་ཅན་ སྒྲིང་སྒྲིང་བཙག་འཐུ་འབད་དགོཔ་དེ་ གལ་ཆེ་ཟེར་བཀོད་གནང་ནུག།
བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་རྩ་ཁྲིམས་ཆེན་མོ་གོང་ལུ་བཀུར་ཏེ་ བཙག་འཐུའི་ཁྲིམས་ལུགས་དང་ བྱ་སྒོའི་ལམ་ལུགས་ཚུ་ལས་ འགལ་བ་མེད་པར་ རང་མོས་དང་ རྣམ་དག་གི་སྒོ་ལས་ འགོ་འདྲེན་འཐབ་དགོ་ཟེར་ བཀའ་ཤོག་ནང་ བཀོད་གནང་མི་དང་བསྟུན་ འབྲུག་མི་ག་ར་ལུ་ འགན་ཁུར་རྩ་ཅན་འབག་དགོཔ་ཡོད་ཟེར་ ཞུ་ནི་ཨིན།

No comments:

Post a Comment