གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚུལ་མིན་སྒོ་ལས་ ས་ཆ་བགོ་སྤྲོད་ཀྱི་ ཁེ་ཕན་བྱུང་མི་༧༤ གི་ རྩོད་བཤེར་ཕྱིར་འགྱངས་འབད་ཡོདཔ།

༢༦/༤/༢༠༡༣   ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་ དེ་ལས་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ མཐོ་གཏུགས་འཁྲུན་ཆོད་ སྤྱི་ཟླ་༥ པའི་སྔ་ཆ་ལུ་ གནང་ཚུགས་པའི་རེ་བ།
༉ ཆེ་མཐོ་ཁྲིམས་འདུན་གྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཉེས་འཛུགས་ཅན་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་ དེ་ལས་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ མཐོ་གཏུགས་སྙན་གསན་མཇུག་བསྡུ་སྟེ་ བདུན་ཕྲག་གཉིས་ལྷག་སོང་ཡོད་རུང་ ཟླཝ་འདི་ནང་ཡང་ གྲོས་ཆོད་གཏོན་ནི་གི་ འོས་འབབ་མེདཔ་ཨིན་པས།


ཆེ་མཐོ་ཁྲིམས་འདུན་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དྲང་དཔོན་ཚུ་གིས་ སྙན་གསན་མཛད་མི་དང་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ཚུ་ བསྐྱར་ཞིབ་ཐོག་ འཁྲུན་ཆོད་བཟོ་བའི་བསྒང་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ མཐོ་གཏུགས་པ་ཚུ་གི་ འཁྲུན་ཆོད་དེ་ སྤྱི་ཟླ་༥ པའི་བདུན་ཕྲག་དང་པ་དང་གཉིས་པའི་ ནང་འཁོད་ལུ་ གཏོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ ཚོགས་ཆུང་གི་ འཐུས་མི་༡༣ གྱིས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ རྒྱལ་པོའི་ཞིང་ལས་ ཁྲོམ་ས་དང་ ཁྱིམ་སའི་ས་ཁོངས་༢ ལས་ ཐོབ་ལམ་མེད་པའི་ ཆོས་སྡེ་༢ དང་ མི་ངོ་༣ ལུ་ ས་ཚན་༥ བགོ་སྤྲོད་འབད་མི་ལུ་བརྟེན་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ཚེས་༨ ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ཐོག་ ཁྲིམས་འཐུས་བཏབ་ཆོག་པའི་ བཙོན་ཁྲིམས་ལོ་རེ་བཀལ་མི་ལུ་ ཁེ་རྒུད་མ་བཏུབ་པའི་ ཟླཝ་འདི་གི་ སྔ་ཆ་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡི།
ཁོང་གིས་ མཐོ་གཏུགས་འབད་དགོ་པའི་ གནད་དོན་དེ་ཡང་ ཁོང་ལུ་ ཁེ་ཕན་ལྟག་སྤྲོད་མེདཔ་མ་ཚད་ ས་ཆ་བགོ་བཀྲམ་དེ་ཡང་ ཁྲིམས་ལུགས་དང་འཁྲིལ་བའི་ དབང་ཚད་སྤྱོད་དེ་ ཕྱག་ཞུ་ཐོག་ལས་ ས་རིན་ཚུ་ཡང་ གཞུང་གི་རྩིས་ཐོ་ནང་ བཙུགས་ཡོདཔ་ལས་ བཙོན་ཁྲིམས་སྨིན་དགོཔ་མེད་མི་ལུ་བརྟེན་ཨིན་ཟེར་ རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༣ ལུ་ ཁུངས་གསལ་སྙན་གསན་སྐབས་ཞུ་བའི་ཁར་ རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༡༩༩༩ འི་ཁྲོམ་སྡེ་བཅའ་ཁྲིམས་ལུ་ ངོས་ལེན་མཛད་མ་བཏུབ་ཟེར་ཨིན་པས།
མཐོ་གཏུགས་པ་ཚུ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐོག་མའི་ཁྲིམས་འདུན་ལུ་ཞུ་མི་ གནད་དོན་ཚུ་ལས་བརྒལ་མེདཔ་ལས་ སྤྱི་ཟླ་༤ པའི་༨ ལུ་ མཐའ་བསྡོམས་སྙན་གསན་མཛད་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༡༩༩༨ ལས་༢༠༠༢ ཚུན་ མོང་སྒར་རྫོང་བདག་སྦེ་བཞུགས་མི་ ཚོགས་དཔོན་བགྲེསཔ་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ཡང་ རྫོང་ཁག་གི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ཡོདཔ་ད་ ཁོ་གིས་ མི་ངོ་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བགོ་སྤྲོད་ཐོག་ བདག་དབང་གི་ ཆ་འཇོག་ལག་ཁྱེར་སྤྲོད་པའི་ གནད་ལུ་བརྟེན་ ཁྲིམས་གཞུང་ཆེན་མོ་༡-༢ པའི་དགོངས་དོན་ལྟར་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
ཚོགས་དཔོན་གྱི་རྒྱབ་མི་ ཆོས་གྲགས་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཞུ་མིའི་ནང་ ས་ཆ་ཚུ་ གཞུང་གིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ སྤྲོད་མི་ཚུ་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་གི་ གྲོས་འདེབས་ཐོག་ལས་ སྤྲོད་ཡོདཔ་ལས་ ཉེས་ཁྲིམས་སྨིན་དགོཔ་མིན་འདུག་ཟེར་ ཞུ་ཡོདཔ་ད་ ཚོགས་དཔོན་བགྲེསཔ་གི་ མཐའ་བསྡོམས་སྙན་གསན་དེ་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ མཛད་ཡོདཔ་ཨིན་པས།
ད་ལྟོ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ སྒུགཔ་བཞིན་དུ་ ཚོགས་དཔོན་བགྲེསཔ་གིས་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ མི་ངོ་༧༤ ལུ་ བགོ་སྤྲོད་འབད་བའི་ ས་ཆ་ཚུ་ སོར་ཆུད་ཀྱི་ རྩོད་བཤེར་འབད་ནི་དེ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འགྱངས་འབད་ཡོདཔ་ཨིན་པས།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ས་ཆའི་ཁེ་ཕན་ཐོབ་མི་༧༤ གི་རྩོད་གཞི་དེ་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ནི་གི་ དམིགས་འཆར་བསྐྱེད་ཡོད་རུང་ རྩོད་ཟླ་ཚུ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ལས་ ད་ལྟོ་ ཁྲིམས་གཏུགས་ཀྱི་ བྱ་རིམ་མཇུག་མ་བསྡུ་བར་ཡོད་པའི་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ཡང་ སྐབས་ཅིག་ རྩོད་གཞི་དེ་ ཕྱིར་འགྱངས་འབད་དགོ་པའི་ ཡིག་ཐོག་ལུ་ ཞུ་བ་བཀོད་མི་དང་འཁྲིལ་ ཕར་བཤུད་རྐྱབ་ཅི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་ནང་ ཉེས་འཛུགས་ཅན་ཚུ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་དེ་ཡོད་པའི་ཁར་ སྤྱི་ཚོགས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ འགོ་བཙུགས་རན་མི་དང་བསྟུན དང་པ་ར་ མཐོ་གཏུགས་ཀྱི་ རྩོད་བཤེར་ཚུ་ མཇུག་བསྡུ་དགོཔ་ ག་ནི་བ་ གལ་ཆེ་མི་ལུ་བརྟེན་ རྒྱལ་པོའི་ཞིང་གི་ ས་ཆ་དང་འབྲེལ་བའི་ རྩོད་གཞི་༧༤ པོ་དེ་ ཕར་བཤུད་རྐྱབ་གནང་ཟེར་བཀོད་ནུག།
དེ་མ་ཚད་ ལྷན་ཚོགས་ནང་ཡང་ མི་སྟོབས་ལངམ་མེདཔ་ལས་ མཐོ་གཏུགས་ཁྲིམས་འདུན་ཚུ་ལས་ ཉེས་བཤེར་གྱི་ བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ཚོད་ རྩོད་གཞི་ལྷག་ལུས་༧༤ ཕྱིར་འགྱངས་འབད་དགོཔ་སྦེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་བསྐྱལ་མི་ ཡི་གུ་ནང་བཀོད་ནུག།
དྲང་དཔོན་གྱིས་འབད་བ་ཅིན་ མཐོ་གཏུགས་འབད་མི་ རྩོད་གཞི་དེ་ མཐོ་གཏུགས་ཁྲིམས་འདུན་ཚུ་ནང་ ཡུན་རིངམོ་འགོར་ནི་བཟུམ་ཡོདཔ་མ་ཚད་ ད་རུང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་༢ ཡང་འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིནམ་ལས་ ས་ཆ་སོར་ཆུད་ཀྱི་ རྩོད་བཤེར་དེ་ སྤྱི་ཟླ་༨ པའི་ནང་ལས་བརྒལ་ འགོ་བཙུགས་མི་ཚུགས་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
རྩོད་བཤེར་གྱི་སྐབས་ལུ་ ས་ཆ་ཉོ་མི་༧༤ པོ་ཆ་ར་ མི་ངོམ་དང་ ཡང་ཅིན་ ངོ་ཚབ་ཚུ་གིས་ ཁྲིམས་འདུན་ལུ་ བཅར་དགོ་ཟེར་ དྲང་དཔོན་གྱིས་ སླབ་ཨིན་པས།
ས་ཆ་བགོ་སྤྲོད་འབད་མི་ཚུ་ གཞུང་ལུ་ སོར་ཆུད་འབད་ནི་དེ་ མགུ་རྙོགས་དྲགས་ཅིག་ འོང་ནི་ཨིན་མི་དེ་ཡང་ ས་ཉོ་མི་ གཞུང་གཡོག་པའི་ བཟའ་ཟླ་ཚུ་གིས་ རྩ་ཕན་གཉིས་པ་ལུ་ བཙོང་ཚར་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ རྩ་ཕན་གསུམ་པ་བཙོང་སྟེ་ སྒྲིང་ཁྱིམ་ཚུ་ཡང་ རྐྱབ་ཡོདཔ་ད་ ད་རེས་ནངས་པ་ རྒྱལ་པོའི་ཞིང་ལུ་ སྒྲིང་ཁྱིམ་༡༨ རྐྱབ་ཡོད་མི་ལས་༢ ཁྲིམས་འགལ་ཐོག་ རྩ་ཕན་༢ པ་གིས་ རྐྱབ་མི་ སྒྲིང་ཁྱིམ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment