གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༥ གིས་ བཙག་འཐུ་ལྷན་ཚོགས་ལུ་ དོ་འགྲན་གྱི་ཁས་ལེན་ཡི་གུ་ འཕྲལ་མགྱོགས་བཙུགས་ནི།

༡/༥/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ རེ་འདོད་ཡོད་མི་ སྲིད་ཚོགས་༥ གིས་ འབྲུག་གི་ བཙག་འཐུ་ལྷན་ཚོགས་ལུ་ དོ་འགྲན་གྱི་ ཁས་ལེན་ཡི་གུ་ འཕྲལ་མགྱོགས་ར་ བཙུགས་དགོ་མི་ལུ་བརྟེན་ སྲིད་ཚོགས་ཚུ་ དལ་ཁོམ་མེད་པར་ སྡོད་དོ་ཡོདཔ་ཨིན་པས།


ལྷན་ཚོགས་ལུ་ སྤྱི་ཟླ་༥ པའི་ཚེས་༥ ལུ་ དོ་འགྲན་ཁས་ལེན་གྱི་ཡི་གུ་ཚུ་ སྲིད་དོན་ཚོགས་པ་༥ གིས་ བཙུགས་དགོཔ་ཨིནམ་ད་ དེ་གི་དོན་ལུ་ འདེམས་ངོ་༤༧ ཚངམ་སྦེ་ དགོཔ་ཨིན་པས།
འབྲུག་ཀུན་མཉམ་པར་ཊི་གི་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གི་ ཚོགས་པ་ནང་ འདེམས་ངོ་༤༧ ག་ར་ ཚང་སྟེ་ཡོདཔ་ལས་ སྤྱི་ཟླ་༥ པའི་ཚེས་༥ ལུ་ དོ་འགྲན་ཁས་ལེན་གྱི་ཡི་གུ་ བཙུགས་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་གིས་ འདེམས་ངོ་༡༢ ངོ་སྤྲོད་མ་འབད་མི་ཚུ་ འཕྲལ་མགྱོགས་ར་ ངོ་སྤྲོད་འབད་ནི་ཟེར་ཨིནམ་ད་ དེ་ཡང་ བཀྲིས་སྒང་ ཝམ་རོང་- ཁྲིམ་ཤིང་་འདེམས་ཁོངས་དང་ མགར་ས་དགོན་ཁ་སྟོད་ ལ་ཡ་འདེམས་ཁོངས་ མོང་སྒར་ སྐྱེངས་མཁར་ ཝེ་རིང་ལ་ འདེམས་ཁོངས་ཚུ་ལས་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ངོ་༣༥ ངོ་སྤྲོད་འབད་དེ་ཡོདཔ་ལས་ ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ སླབ་མིའི་ནང་ ཚོགས་པའི་དོན་ལུ་ འདེམས་ངོ་༤༦ གྲ་སྒྲིག་འབད་ཡོདཔ་ཨིན་རུང་ འདེམས་ངོ་༡ གཏན་འཁེལ་མ་བཟོ་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ངོ་གསརཔ་ཚུ་གི་ངོ་སྤྲོད་ འཕྲལ་མགྱོགས་ར་ འབད་ནི་ཨིནམ་ད་ དེ་ནང་ལས་ འདེམས་ངོ་༧ པོ་དེ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཞིནམ་ལས་ རྒྱལ་ཁ་མ་ཐོབ་མི་ཚུ་ཨིན་ཟེར་ ཨིན་པས།
ལི་ལི་དབང་ཕྱུག་གིས་འབད་བ་ཅིན་ འདེམས་ངོ་ལ་ལུ་ཅིག་གིས་ རྒྱ་གར་ལུ་ མཐོ་རིམ་ཤེས་ཡོན་གྱི་ ལག་ཁྱེར་ལེན་པར་སོང་ཡི་ཟེར་ཨིནམ་ད་ དོ་འགྲན་ཁས་ལེན་གྱི་ ཡི་གུ་བཙུགས་མ་རནམ་ལས་ ལྷོད་པའི་རེ་བ་ཡོད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གཟའ་སྐར་ལེགས་ཤོམ་སྦེ་ བལྟ་ཞིནམ་ལས་ དོ་འགྲན་ཁས་ལེན་གྱི་ ཡི་གུ་བཙུགས་ནི་ཟེར་ཨིན་པས།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ བཤད་མིའི་ནང་ ཚོགས་པའི་འདེམས་ངོ་༤༧ ཚང་ཡོདཔ་ལས་ མཐའ་དཔྱད་དེ་ ད་རིས་བཟོ་ནི་ཨིན་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་ལུ་ འདེམས་ངོ་གསརཔ་༥ ངོ་སྤྲོད་མ་འབད་བར་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདེམས་ངོ་༥ མ་ཚང་པར་ཡོད་མི་ཚུ་ མཐའ་དཔྱད་བཟོ་དགོཔ་ཡོད་ཟེར་ཨིནམ་ད་ དོ་འགྲན་ཁས་ལེན་གྱི་ཡི་གུ་དེ་ སྤྱི་ཟླ་༥ པའི་ཚེས་༥ འི་ཧེ་མར་ བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཚོགས་པའི་གྲོས་འཛོམས་སྐབས་ལུ་ ཚོགས་པའི་འདེམས་ངོ་༤༢ ཀྱི་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ འདེམས་ངོ་༥ པོ་དེ་ འཕྲལ་མགྱོགས་ར་འབད་ནི་ཟེར་ སླབ་ཡོདཔ་ཨིན།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མ་ཚང་མི་ཚུ་ སྤུ་ན་ཁ་ལས་ འདེམས་ངོ་༢ དང་ བཀྲིས་སྒང་ལས་༢ དེ་ལས་ གསར་སྤང་ལས་༡ ཨིན་པས།
མི་སེར་དམངས་གཙོའི་ཚོགས་པ་གིས་ དོ་འགྲན་ཁས་ལེན་གྱི་ཡི་གུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ གཟའ་སྐར་ལེགས་ཤོམ་ཅིག་ནང་ ཡི་གུ་བཙུགས་ནི་ཟེར་ཨིན་པས།
དོ་འགྲན་ཁས་ལེན་གྱི་ འབྲི་ཤོག་ཕོམ་ནང་ འདེམས་ངོ་༤༧ གྱི་ མིང་ཐོ་དང་ རྒྱལ་གཞུང་གཙུག་ལག་སློབ་སྡེ་ལས་ ངོ་སྦྱོར་ཡི་གུ་ བསྐུལ་བསྒྲགས་ཀྱི་ ཚེས་གྲངས་ ཁས་བླངས་ཞལ་འདེབས་ཕཱོམ་ ཞལ་འདེབས་གནང་མིའི་ཁ་གསལ་ དངུལ་རྩིས་ དེ་ལས་ རྫོང་ཁག་གི་ ཐོ་བཀོད་འབད་དེ་ཡོད་མི་ འཐུས་མི་གི་ མིང་ཐོ་ཚུ་ ཚང་དགོཔ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ སྲིད་ཚོགས་ཚུ་གིས་ དོ་འགྲན་ཁས་ལེན་གྱི་ ཡི་གུ་བཙུགསཔ་ཙམ་ཅིག་གིས་ དོ་འགྲན་འབད་ནིའི་དོན་ལུ་ གྲ་སྒྲིག་ཨིན་ཟེར་ སླབ་མི་ཚུགས་ཟེར་ཨིན་པས།
ཚོགས་པ་༥ གིས་ ཐོ་བཀོད་འབད་མི་ལུ་བརྟེན་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་༥ གིས་ དོ་འགྲན་འབད་ནི་མས་ཟེར་ སླབ་མས་ཟེར་ཨིན་པས།
དོ་འགྲན་ཁས་ལེན་གྱི་ཡི་གུ་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་དེ་ མ་ལྟ་ཚུན་ ཚོགས་པ་ག་དེམ་ཅིག་གིས་ དོ་འགྲན་འབད་འོང་ག་ སླབ་མི་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment