གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གྱི་ འདེམས་ཁོངས་༣ ནང་ བསྐུལ་བསྒྲགས་འབད་ཚར་ཡོདཔ།

༣༠/༥/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ འདེམས་ཁོངས་༣ གྱི་ འདེམས་༡༢ ཀྱི་གྲས་ལས་ འདེམས་ངོ་མང་ཤོས་ཅིག་གིས་ ཁོ་རའི་ ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ཚུ་ མི་སེར་ཚུ་ལུ་ བསྐུལ་བསྒྲགས་འབད་དེ་ བདུན་ཕྲག་༢ དེ་ཅིག་ལང་བའི་ཤུལ་ལུ་ ཁ་ཙ་ལས་ ངལ་གསོ་སྡོད་ནི་ཐོབ་ཡོདཔ་ད་ དེ་ཡང་ བསྐུལ་བསྒྲགས་འབད་ཚར་མི་ལུ་བརྟེན་ཨིན་པས།


ཨིན་རུང་ མོང་སྒར་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐལ་བཟང་དབང་མོ་གིས་ མོ་རའི་ཚོགས་པའི་ བསྐུལ་བསྒྲགས་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ ཁ་ཙ་ཚུན་ རྩ་འགེངས་ཡོདཔ་ཨིན་པས།
སྐལ་བཟང་དབང་མོ་གིས་ བསྐུལ་བསྒྲགས་ལས་རིམ་དེ་ རྩ་འགེངས་འབད་སར་མཐོང་མི་དེ་ཡང་ མོ་ར་ འདེམས་ངོ་༣ བཟུམ་སྦེ་ སྤྱི་ཟླ་༥ པའི་ཚེས་༡༤ ལས་ བསྐུལ་བསྒྲགས་ལས་རིམ་ནང་ བཅའ་མར་གཏོགས་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ མོ་གིས་ རྒེད་འོག་༥ ནང་ བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ སྤྱི་ཟླ་༥ པའི་ཚེས་༢༣ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ མོ་གིས་ བསྐུལ་བསྒྲགས་ལས་རིམ་དེ་ ས་ཁོངས་ཆ་མཉམ་ནང་ ལྷོད་མ་ཚུགས་རུང་ རྒེད་འོག་༥ ནང་ལྷོད་ཡོདཔ་ལས་ སེམས་དགའ་ཡོདཔ་ད་ དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ འདས་པའི་སྤྱི་ཚོགས་ནང་ ཕྱག་ལེགས་ཤོམ་ཞུ་ཡོད་མི་ལུ་བརྟེན་ མི་སེར་ཚུ་གིས་ ངོས་ལེན་ལེགས་ཤོམ་ཡོདཔ་སྦེ་མཐོང་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེངས་མཁར་ ཝེ་རིང་ལ་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བསོད་ནམས་རྒྱ་མཚོ་གིས་ཡང་ ཁོ་ར་ ཚོགས་པ་གཞན་གྱི་ འདེམས་ངོ་ཚུ་དང་གཅིག་ཁར་ སྤྱི་ཟླ་༥ པའི་ཚེས་༡༤ ལས་ བསྐུལ་བསྒྲགས་འགོ་བཙུགས་མ་ཚུགས་པའི་ཁར་ ཁོ་རའི་ འདེམས་ཁོངས་ཀྱི་ ས་ཁོངས་ཆ་མཉམ་ནང་ ལྷོད་མ་ཚུགས་རུང་ ལྷོད་ཚུགས་པའི་མི་སེར་ཚུ་གིས་ རྒྱབ་སྐྱོར་སྦོམ་ཐོབ་ཡོདཔ་ལས་ ངལ་རངས་ཡི་ཟེར་ཨིན་པས།
མོང་སྒར་གྱི་འདེམས་ཁོངས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་ དེ་ལས་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ རྡོ་རྗེ་སྒྲོལ་མ་གིས་ སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ཚར་མི་ལུ་བརྟེན་ ཁ་ཙ་ ངལ་གསོ་སྡོད་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ མི་སེར་ཚུ་གིས་ ངོས་ལེན་ལེགས་ཤོམ་བྱུང་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དགྲ་མེད་རྩེ་ སྔ་ཚང་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་དབང་འདུས་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་ འབྲུག་སྤྱིར་དབང་ཚོགས་པའི་གདེམས་ངོ་ བཀྲིས་ཕུན་ཚོགས་ཀྱིས་ཡང་ སྒོ་བཤལ་ཏེ་བསྐུལ་བསྒྲགས་ཡོདཔ་ལས་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པའི་གདེམས་ངོ་ འཇིགས་མེད་རྡོ་རྗེ་རྐྱངམ་གཅིག་གིས་ སྒོ་བཤལ་མ་འགྱོཝ་ཨིན་པས།
སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རིག་འཛིན་རྒྱ་མཚོ་གིས་ ཁ་ཙ་ སྐྱེངས་མཁར་རྒེད་འོག་ནང་ སྒོ་བཤལ་བསྐུལ་བསྒྲགས་འབད་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ པདྨ་བདེ་ཆེན་གྱིས་འབད་བ་ཅིན་ འགྱུར་མེད་རྒེད་འོག་ནང་འབད་ཡོད་རུང་ སྐྱེངས་མཁར་ ཝེ་རིང་ལ་འདེམས་ཁོངས་ཀྱི་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ སྐལ་བཟང་ཆོས་སྒྲོན་གྱིས་ བསྐུལ་བསྒྲགས་ལས་རིམ་ནང་ བཅའ་མར་གཏོགས་མ་ཚུགས་པར་ཡོདཔ་ལས་ མི་སེར་ཚུ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ཁ་བཏང་དོ་ཡོདཔ་ཨིན་པས།
དེ་ཡང་ སྐྱེངས་མཁར་ ཝེ་རིང་ལ་འདེམས་ཁོངས་ཀྱི་ གདེམས་ངོ་ཚུ་ལུ་ སྤྱིར་སྙོམས་འཛོམས་འདུ་དེ་ སྐྱེངས་མཁར་རྒེད་འོག་ལྟེ་བའི་ནང་ འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་མེདཔ་ལས་བརྟེན་ ངོ་ཚབ་སྦེ་ མོང་སྒར་འདེམས་ཁོངས་ཀྱི་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ རྡོ་རྗེ་སྒྲོལ་མ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བསྒང་འཛོམས་འདུ་ནང་འོང་མི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ སྲིད་ཚོགས་གཞན་ཚུ་གིས་ འདེམས་ངོ་ཚུ་གིས་ མི་སེར་ཚུ་ལས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཐབས་ཤེས་གང་དྲག་ཐོག་ལས་ བསྐུལ་བསྒྲགས་འབད་དོ་ཡོདཔ་ཨིན་རུང་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཐད་ལུ་ འདེམས་ངོ་མེད་རུང་ བཏུབ་སྦེ་ཡོད་མི་དེ་ རྩ་ལས་མི་བཏུབ་པས་ཟེར་ཨིན་པས།
དེ་ཡང་ ཁོང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ བཙག་འཐུ་ལྷན་ཚོགས་དང་ འགོ་དཔོན་ཚུ་གིས་འབད་རུང་ དམངས་གཙོའི་གཞུང་ནང་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་ཟེར་སླབ་དོ་ཡོདཔ་ད་ ཕྱོགས་ཅིག་ལུ་ དེ་བཟུམ་གྱི་ སྟབས་མ་བདེཝ་འཐོན་པ་ཅིན་ མི་སེར་ཚུ་གིས་ ལྕོགས་གྲུབ་ཅན་གྱི་ སྲིད་ཚོགས་ག་དེ་སྦེ་ གདམ་འཐུ་རྐྱབ་ཚུགས་ནི་སྨོ་ཟེར་ ཨ་ལུ་༣ གྱི་ཨཔ་གིས་ སླབ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ འགོ་ཐོག་བཙག་འཐུའི་སྐབས་ལུ་ འདེམས་ངོ་ མི་སེར་ཟེར་བ་ཅིན་ མདང་ཞག་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་ཚོགས་ཅིག་གིས་ མགར་ས་ལས་འདེམས་ངོ་ཐོབ་མ་ཚུགས་མི་ལུ་བརྟེན་ དོ་འགྲན་འབད་ནི་ལས་ཆ་མེད་བཏང་མི་དེ་ལུ་ སྟབས་མ་བདེཝ་ཡོད་མི་དེ་ཡང་ འདེམས་ངོ་མེད་རུང་ ཡོདཔ་བཟུམ་གྱི་ མིང་ཐོ་ཅིག་བཀོད་ཞིནམ་ལས་ དེ་བཟུམ་གནས་སྟངས་ཐོག་ལུ་བཞག་པ་ཅིན་ རྩ་ལས་མི་བཏུབ་ནི་མས་ཟེར་ཨིན་པས།
དེ་ཡང་ མི་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ སྲིད་ཚོགས་དེ་ ལྕོགས་གྲུབ་ཅན་ གདམ་འཐུ་འབད་དགོ་པ་ཅིན་ ད་ལྟོ་ལས་ འདེམས་ངོ་དང་ གཙོ་འཛིན་ དེ་ལས་ ཚོགས་པ་ཚུ་ ག་དེ་སྦེ་ཡོད་ག་ བལྟ་དགོཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་བཟུམ་སྦེ་ འགྱོ་མི་བཏུབ་ནི་ཨིན་མི་དེ་ཡང་ དམངས་གཙོའི་གཞུང་གི་སྐོར་ལས་ མི་སེར་ཚུ་གིས་ ཧ་གོ་ཡོདཔ་ལས་བརྟེན་ཨིན་ཟེར་བའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment