གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༥/༥/༢༠༡༣   རྒྱུད་བསྐུལ་དོན་ལུ་མེན་པར་ འོས་འབབ་ལྡན་པའི་ཁས་བླངས་འབད་དགོཔ།
༉ ད་རེས་ནངས་པ་ རྒྱལ་ཁབ་མཐའ་དབུས་མེད་པར་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་ཁས་བླངས་གསལ་བཤད་འབད་ཐངས་ལུ་ལྟཝ་ད་ ངལ་རངས་བྱུངམ་མ་ཚད་ རྣམ་རྟོག་ལང་བའི་ གཞི་གནད་ཅིག་ཡང་ ཨིན་མས་ཟེར་ཞུ་ནི།


ཁས་བླངས་འབད་མི་ཚུ་གི་གྲས་ལས་ གནམ་བྱཱར་དགུན་མེད་པར་ ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ ཞིང་ལམ་ཚུ་ རྩི་གནག་གཏང་ནི་དང་ སྤྱི་འོག་རེ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་རེ་བྱིན་ནི་ དེ་ལས་ རྒེད་འོག་༢༠༥ ནང་ དངུལ་ཁང་དང་ ས་སྣུམ་བཀྲམ་སྤེལ་ཁང་ སྣུམ་འཁོར་བཅོ་ཁང་ཚུ་ གཞི་བཙུགས་འབད་ནི་ཚུ་ཨིན་མས་ཟེར་ཞུ་ནི།
དེ་མ་ཚད་ ཕོ་མོ་དང་མི་སྡེའི་གོང་འཕེལ་དོན་ལུ་ ལྷན་ཁག་གསརཔ་ཅིག་ཡང་ གཞི་བཙུགས་འབད་ནི་ཨིན་པའི་ ཁས་བླངས་འབདཝ་མས་ཟེར་ཞུ་ནི།
ལྷག་པར་དུ་ འབྲུག་མི་ཚུ་ལུ་ གློ་བུར་གྱི་ཞབས་ཏོག་བྱིན་ནིའི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་ནི་དང་ ཞི་གཡོགཔ་ཚུ་ལུ་ འགྲུལ་འཐུས་དང་ ཉིན་འཐུས་ཚུ་ ཡར་སེང་རྐྱབ་བྱིན་ནི་ རྒས་ཤོསམ་ཚུ་གི་དོན་ལུ་ སྣུམ་འཁོར་གྱི་གླ་ཆ་བརྒྱ་ཆ་༥༠ མར་ཕབ་འབད་ནི་ སྲུང་སྐྱོབ་དམག་མི་ཚུ་ ཞི་གཡོགཔ་ཚུ་དང་འདྲ་མཉམ་སྦེ་ དགོངས་ཞུའི་ཟུར་ཕོགས་བཟོ་བྱིན་ནི་ དེ་ལས་ ལཱ་གཡོག་མ་ཐོབ་མི་ ན་གཞོན་རེ་རེ་བཞིན་དུ་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནི་ཨིན་པའི་ ཁས་བླངས་གསལ་བཤད་འབད་ཐངས་ལུ་ལྟཝ་ད་ ང་བཅས་ར་ འབྲུག་མི་ཚུ་ཡང་ ཁ་རྗེ་བཟངམ་མ་ཚད་ དགའ་སྐྱིད་ཉིམ་ཤར་ནི་མས་ཟེར་ཞུ་ནི།
སྲིད་ཚོགས་ཚུ་གིས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ན་གཞོན་ཚུ་ལས་འགོ་བཟུང་སྟེ་ རྒན་ཤོས་ཚུན་ལུ་ འདི་བཟུམ་མའི་ ཁས་བླངས་གསལ་བཤད་འབད་མི་དེ་ཡང་ ང་བཅས་ར་ མནོ་བསམ་ལེགས་ཤོམ་སྦེ་ བཏང་བལྟ་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ རྒྱལ་ཁབ་ག་ཏེ་འབད་རུང་ བཙག་འཐུའི་སྐབས་ལུ་ རྒྱུད་བསྐུལ་འབད་སྲོལ་ཡོད་མི་དེ་ ཧ་གོ་དགོཔ་ ཁག་ཆེ་བས་ཟེར་ཞུ་ནི།
མ་གཞི་ ཁས་བླངས་འབད་མི་ཚུ་གི་གྲས་ལས་ ཞིང་ལམ་ཚུ་ རྩི་གནག་གཏང་ནི་དང་ རྫོང་ཁག་རེ་ནང་ ཌོག་ཊར་ཚུ་ ལངམ་སྦེ་བཙུགས་ནི་ དེ་ལས་ ལྷན་ཁག་ཐེབས་ གཞི་བཙུགས་འབད་ནི་ཚུ་ ཧེ་མ་ལས་ར་ འཆར་གཞི་༡༡ པའི་ཟིན་བྲིས་ནང་ བཀོད་ཚརཝ་ལས་བརྟེན་ ལོགས་སུ་སྦེ་ ཁས་བླངས་འབད་དགོཔ་ཅིག་ཡང་ མི་མཐོངམ་མས་ཟེར་ཞུ་ནི།
ཁས་བླངས་འབད་མི་ཚུ་ག་ར་ འདས་པའི་གཞུང་གི་སྐབས་ལུ་ བུ་ལོན་སྦོམ་འཁྲི་མི་དང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་བྱུང་མི་ དེ་ལས་ བསྐྱིན་འགྲུལ་བཀག་འཛིན་འབད་མི་དང་ དུས་མཉམ་ཨིན་མས་ཟེར་ཞུ་ནི།
དེ་འབདཝ་ད་ གོང་གི་ཁས་བླངས་ཚུ་ འགྲུབ་ནིའི་དོན་ལུ་ མ་དངུལ་གྱི་འབྱུང་ཁུངས་དེ་ ག་ཏེ་ལས་ འོང་ནི་སྨོ?
སྲིད་ཚོགས་ཚུ་གིས་ རང་སོའི་འབབ་ཁུངས་ཀྱི་ ཁྲལ་གྱི་ཚད་གཞི་སེང་ནི་དང་ ཤེས་ཡོན་ཟད་འགྲོའི་ཐོག་གི་ ལོག་ཐོབ་ཏི་རུ་ཚུ་ ཡང་སེང་རྐྱབ་བྱིན་ནི་ཨིན་ཟེར་མི་དེ་གིས་ རྒྱལ་ཁམས་ཀྱི་ ཁྲལ་ལུ་བརྟེན་པའི་ འོང་འབབ་ཀྱི་ འབྱུང་ཁུངས་ལུ་ཡང་ ཐོ་ཕོག་ནི་བཟུམ་ཅིག་འདུག་ཟེར་ཞུ་ནི།
ཚོགས་པ་ཚུ་གིས་ ཤུལ་མའི་ལོ་༥ ནང་ ལྟ་བཤལ་པའི་གྱངས་ཁ་འབུམ་༢ ལུ་ ཡར་སེང་རྐྱབ་ནི་ཨིན་ཟེར་བའི་ སྤྱིར་བཏང་ཁས་བླངས་འབད་མི་དེ་གིས་ གཞུང་གི་འོང་འབབ་ ཡར་སེང་རྐྱབ་ཚུགས་པའི་ཁར་ ལཱ་གཡོག་གི་གོ་སྐབས་ཡང་ ལེ་ཤ་བཟོ་ཚུགས་ནི་ཨིནམ་ལས་ འདི་བཟུམ་མའི་ ཐབས་རིག་ཅན་གྱི་ ཀུན་ཕན་ཁས་བླངས་ཚུ་འབད་ནི་ལུ་ ཤུགས་བཏོན་གནང་པ་ཅིན་ མི་སེར་ཚུ་ཡང་ ཡིད་ཆེས་བསྐྱེད་ནི་ཨིནམ་ལས་ ཚོགས་རྒྱན་མ་ཐོབ་པའི་ དཔེ་མི་སྲིད་ནི་མས་ཟེར་ ཞུ་ནི་ཨིན།

དབང་འདུས།
ཐིམ་ཕུ་ ལྕང་ཟམ་ཏོག།

No comments:

Post a Comment