གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་སྐྱེངས་མཁར་ལུ་ འདེམས་ངོ་ཁས་བླངས་གསལ་བསྒྲགས་འབད་ཡོདཔ།

༢༤/༥/༢༠༡༣   ༉ སྤྱིར་བཏང་བཙག་འཐུའི་དོན་ལུ་ བདུན་ཕྲག་ཅིག་ལས་བརྒལ་མེདཔ་ལས་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ མི་སེར་ཚུ་ ཚོགས་པའི་འདེམས་ངོ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ཉན་པར་ འགྱོ་སར་མཐོངམ་ཨིན་པས།
སྲིད་དོན་ཚོགས་པའི་ འདེམས་ངོ་ཅིག་གིས་ སྐྱེངས་ཁར་གྱི་ མི་ཚུ་དང་ ཕྱད་པའི་བསྒང་།


དེ་ཡང་ མོང་སྒར་རྫོང་ཁག་གི་ སྐྱེངས་མཁར་_ཝེ་རིང་ལ་གདེམས་ཁོངས་ཀྱི་དོན་ལུ་ བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ སྤྱི་ཟླ་འདི་གི་ ཚེས་༢༢ ལུ་ མཐའ་ཟུར་གྱི་གཡུས་ཚན་ སྐྱེངས་མཁར་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ མི་སེར་ཚུ་གིས་ སྤྲོ་བ་ཐེབས་བསྐྱེད་ཐོག་ལས་ བཅའ་མར་གཏོགས་སར་ མཐོངམ་ཨིན་པས།
ཨིན་རུང་ གཡུས་ཚན་གྱི་མི་སེར་ མང་ཤོས་ཅིག་གིས་ དུས་ཅི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༤ ཡོདཔ་ཨིནམ་ཤེས་རུང་ མི་རྒན་ཤོས་ལ་ལུ་ཅིག་གིས་ མ་ཤེས་པའི་ཁར་ མི་སེར་གྱི་རེ་བ་ལས་འབད་བ་ཅིན་ འདི་བཟུམ་གྱི་ལས་རིམ་སྐབས་ལུ་ ཚོགས་པའི་འཐུས་མི་ཚུ་ ངེས་བདེན་འོང་དགོཔ་ཐོན་མི་དེ་ཡང་ འདེམས་ངོ་དེ་གི་ ལྕོགས་གྲུབ་ཡོད་མེད་ བལྟ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བསྐུལ་བསྒྲགས་ནང་ སྐྱེངས་མཁར་­- ཝེ་རིང་ལ་གདེམས་ཁོངས་ཀྱི་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་དེ་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ ངོ་ཚབ་སྦེ་ མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་ རྡོ་རྗེ་སྒྲོལ་མ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
མོ་གིས་ མི་སེར་ཚུ་ལུ་ གསལ་བཤད་འབད་མིའི་ནང་ འབྲུག་སྤྱིར་དབང་ཚོགས་པ་དེ་ མི་སེར་ཉམ་ཆུང་ སྐྱིད་སྡུག་ཕོག་སྟེ་འོང་མི་ཚུ་གི་ ཚོགས་པ་ཅིག་ཨིནམ་ལས་ ཚོགས་པ་དེ་གིས་ མི་སེར་གྱི་མཐའ་དོན་འགྲུབ་ཐབས་ འབད་མི་ཨིན་ཟེར་ཨིནམ་ད་ ཚོགས་པ་དེ་ གལ་སྲིད་བཙག་འཐུ་འགྲུབ་གནང་པ་ཅིན་ མི་སྡེའི་ནང་གི་དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
ཚོགས་པ་གིས་ མཐུན་ལམ་གཅིག་སྒྲིལ་ཐོག་ལས་ མི་སྡེ་ནང་ ལེགས་འགྱུར་འོང་ནིའི་དོན་ལུ་ བཟོ་ཡོད་པའི་ཚོགས་པ་ཅིག་ཨིནམ་ལས་ ཚོགས་པའི་སྲིད་འཛིན་ཡང་ འཛམ་གླིང་ནང་ ཨམ་སྲུ་འགོ་ཁྲིདཔ་༡༥ གི་གྲངས་སུ་ཚུད་མི་ཅིག་ཨིནམ་ལས་ བློན་ཆེན་འབད་ཚུགས་པའི་ ལྕོགས་གྲུབ་སྦོམ་ར་ཡོད་ཟེར་ཨིན་པས།
དེ་མ་ཚད་ མོ་གིས་ གཞུང་མིན་ལས་སྡེ་ནང་ཡང་ ཕྱག་ཞུ་ཡོདཔ་ལས་ མི་སེར་ཚུ་གི་སྐྱིད་སྡུག་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཤེས་མི་ཅིག་ཟེར་ཨིནམ་ལས་ གལ་སྲིད་ ཚོགས་པ་དེ་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་ཐོག་ལས་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ ན་གཞོན་དང་ ལཱ་གཡོག་ དེ་ལས་ ཨམ་སྲུ་ཚུ་གི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ བསལ་ཚུགས་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ན་གཞོན་ཚུ་ སྲིད་དོན་ཚོགས་པ་ནང་གྲལ་གཏོགས་འབད་བའི་སྐབས་ལུ་ ལཱ་གཡོག་གི་གོ་སྐབས་ལུ་ལྟ་སྟེ་ཨིན་མས་ཟེར་ མནོ་བསམ་ལོག་སྤྱོད་མ་བཏང་པར་ རྒྱབ་སྐྱོར་འབད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ པདྨ་བདེ་ཆེན་གྱིས་ སླབ་མིའི་ནང་ མོ་གིས་ ད་ལྟོའི་གནས་སྟངས་ཚུན་ ལྷོད་ནི་ལུ་ དཀའཝ་སྤྱད་དེ་འོང་དགོཔ་ ཐོན་ཡོདཔ་བཟུམ་སྦེ་ མཉམ་རུབ་ཚོགས་པའི་འཐུས་མི་ཚུ་ཡང་ མོ་བཟུམ་སྦེ་ མི་སེར་གྱི་དཀའ་སྡུག་ལས་བཙར་ཏེ་འོང་བའི་ ཚོགས་པ་ཅིག་འབད་མི་ལུ་བརྟེན་ ད་ལས་ཕར་ ཁོང་ཚུ་བཟུམ་སྦེ་ མ་འོངས་པའི་མི་སེར་ཚུ་ དཀའཝ་སྤྱད་མ་དགོཔ་ བཟོ་ཐབས་སྒྲིག་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དེ་ ལེགས་ཤོམ་དང་ དུས་ཚོད་དང་བསྟུན་ ལེགས་འགྱུར་ཅན་གྱི་ ཡར་རྒྱས་བཟོ་ཐབས་ལུ་ མི་སེར་གྱི་གཞུང་བཟོ་ནི་ཟེར་ཨིནམ་ད་ དེ་ཡང་ གཞུང་དེ་མི་སེར་གྱི་ལག་པར་བཞག་ཐོག་ལས་ འདྲ་མཉམ་དང་ དྲང་བདེན་བཟོ་ཐབས་འབད་ནི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ མི་སེར་ཚུ་གིས་ འདྲ་མཉམ་དང་ དྲང་བདེན་མིན་འདུག་ཟེར་ སླབ་དོ་ཡོདཔ་ལས་ ཁོང་གིས་ལྟ་རུང་ བདེན་ཁུངས་ཡོད་པའི་མངོན་གསལ་བྱུངམ་ལས་ གལ་སྲིད་ མི་སེར་ཚུ་གིས་ ཚོགས་པ་དེ་ བཙག་འཐུ་འགྲུབ་གནང་པ་ཅིན་ རྒྱལ་ཁབ་ནང་ ཕྱུགཔོ་དང་སྤྱང་ཀའི་ཁྱད་པར་ སྦོམ་ཞུགས་མི་བཅུག་ནི་དང་ ལཱ་གཡོག་གི་དཀའ་ངལ་བསལ་ནི་ དེ་ལས་ མི་སྡེ་དཔལ་འབྱོར་ཡར་རྒྱས་བཏང་ཐབས་ལུ་ ལཱ་ག་ཅི་འབད་རུང་ གྲོས་བསྟུན་ཐོག་ལས་འབད་ནི་ཨིནམ་ལས་ སྲིད་དོན་ཚོགས་པ་ ལེགས་ཤོམ་ཅིག་ བཙག་འཐུག་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
འབྲུག་ཕན་སུམ་ཚོགས་པའི་འདེམས་ངོ་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ བློ་གཏད་དང་ ཡིད་ཆེས་ངལ་རངས་ཡོདཔ་ལས་བརྟེན་ འདས་པའི་ལོ་༥ གི་རིང་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་སྟེ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་གི་ གྲུབ་འབྲས་ཡང་སྦོམ་བཏོན་ཚུགས་ཏེ་ཡོད་མི་དེ་ གཅིག་མཐུན་བསོད་ནམས་ལས་གྲུབ་འགྲུབ་ ཨིན་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ སྐྱེངས་མཁར་ཟེར་མི་དེ་ ཧེ་མ་མཐའ་ཟུར་གྱི་རྒེད་འོག་ཅིག་སྦེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ སྣུམ་འཁོར་ནང་འོང་ཚུགས་མི་དེ་ མི་སྡེའི་ནང་གོང་འཕེལ་གྱི་འགྱུར་བ་ཨིནམ་མ་ཚད་ གློག་མེ་ཡང་ལྷོད་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ གོང་འཕེལ་གྱི་འགྱུར་བ་དེ་ ག་དེ་སྦེ་སོང་ཡོད་ག་ མིག་གིས་མཐོང་སར་ཨིན་ཟེར་ཨིན་པས།
ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློ་གཏད་དང་ཡིད་ཆེས་ཡོད་པ་ཅིན་ རྒྱབ་སྐྱོར་གནང་དགོ་ཟེར་ཨིནམ་ད་ ཚོགས་པ་གིས་ ཧོངས་ལས་འབད་རུང་ མི་སེར་ཚུ་ལུ་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ནིའི་ཁས་བླངས་ཡོད་མི་དེ་ འབྲུག་ཕུན་སུམ་ཚོགས་པ་དེ་ དམ་ཚིག་གཙང་མའི་ ཚོགས་པ་ཅིག་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ད་ལས་ཕར་ མི་སེར་ཚུ་ འདྲ་མཉམ་དང་ དྲང་བདེན་གྱི་ཐོག་ལས་ རང་མགོ་རང་འདྲོངས་བཟོ་ཐབས་ བསྒྲིག་ནི་ཨིནམ་ལས་ ད་ལྟོ་ཡོད་པའི་འཁོར་ལམ་ལས་འགོ་བཟུང་ མཐུན་རྐྱེན་ཚུ་ལེགས་བཅོས་འབད་ནི་དང་ འཁོར་ལམ་དང་ གློག་མེ་མ་ལྷོད་མི་ཚུ་ནང་ མཐུན་རྐྱེན་ཚུ་བཙུགས་ཏེ་ གོང་འཕེལ་འདྲ་མཉམ་དང་ གྲོང་གསེབ་གོང་འཕེལ་བཏང་ཐབས་ལུ་ བརྩོན་ནིའི་ཁས་བླངས་ཡོད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོང་གི་ལྟ་བ་དེ་ མི་སེར་ཚུ་ལུ་ དབང་ཚད་ཕྱིར་སྤེལ་བྱིན་ནི་དེ་ཨིནམ་ལས་ དབང་ཚད་ཕྱིར་སྤེལ་ལུ་བརྟེན་ རྒྱལ་ཁབ་ནང་ བདེ་སྐྱིད་བཟོ་ནི་ཟེར་ཨིནམ་ད་ རྒྱལ་ཁབ་ཡར་རྒྱས་དང་ མི་སེར་ཚུ་གིས་ དཀའ་སྡུག་བསལ་དགོ་པ་ཅིན་ ས་གནས་གཞུང་ སྒྲིང་སྒྲིང་དགོ་ནི་ཨིནམ་ལས་ མཐུན་རྐྱེན་དང་ ས་གནས་གཞུང་ལུ་ དབང་ཚད་བྱིན་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་གྱི་སྐྱིད་སྡུག་དེ་ ག་བ་ཡང་ལྷགཔ་སྦེ་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ཤེས་ནི་ཨིནམ་ལས་ ས་གནས་གཞུང་ལུ་ གོང་འཕེལ་གྱི་དོན་ལུ་ མ་དངུལ་ས་ཡ་༢ དེ་ཅིག་ བྱིན་ནི་ཨིནམ་མ་ཚད་ རྒེད་འོག་ཚུན་ འཁོར་ལམ་རྩི་ནག་གཏང་ནི་ རྒེད་འོག་རེ་ནང་ སྣུམ་འཁོར་བཱོ་ལི་རོ་རེ་བྱིན་ནི་ དེ་ལས་ སྤྱི་འོག་རེ་ནང་ འཕྲུལ་གླང་པཱ་ཝར་ཊི་ལར་རེ་བྱིན་ནིའི་ ཁས་བླངས་ཡོད་ཟེར་ཨིན་པས།
དེ་མ་ཚད་ གློ་བུར་གྱི་དོན་ལུ་ གནམ་གྲུ་ཆུང་བ་༢ ཡང་ མཁོ་སྒྲུབ་འབད་ནི་ཟེར་ཨིནམ་ལས་ སྐྱེངས་མཁར་མི་སེར་ཚུ་ ལག་བཟོ་མཁས་པ་ཡོད་མི་ལུ་བརྟེན་ ལག་བཟོ་ཕྱིར་ཚོང་འཐབ་སའི་ས་ཁོངས་དང་ འགྲེམས་སྟོན་གྱི་ས་ཁོངས་ཚུ་བཟོ་སྟེ་ མི་སེར་གྱི་ ཐོན་ཁུངས་ ཡར་སེང་བཏང་ནི་ཟེར་ ཨིན་པའི་གནས་ཚུལ།

སྐྱེངས་མཁར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment