གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༣༡/༥/༢༠༡༣   དྲན་ཤེས་ཐོག་ལས་ རང་སོའི་ཚོགས་རྒྱན་ བཙུགས་གནང་དགོཔ།
༉ ད་རིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་འབད་ནི་གི་ དམིགས་བསལ་གྱི་ཉིནམ་ཅིག་ཨིནམ་ལས་བརྟེན་ རྒྱལ་ཁབ་མཐའ་དབུས་མེད་པའི་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རང་སོའི་ གསང་བའི་ཚོགས་རྒྱན་བཙུགས་བཅུག་ནིའི་དོན་ལས་ གཞུང་སྒེར་ལས་འཛིན་གྱི་ ཡིག་ཚང་ཚུ་དང་ སྦྱོང་བརྡར་སྤེལ་ཁང་ སློབ་གྲྭ་ དེ་ལས་ ཚོང་འབྲེལ་ལས་ཁང་ཚུ་ ཆ་མཉམ་ར་ ངལ་གསོ་བཞགཔ་ཨིན་མས།


དེ་ཡང་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༡,༧༩༠ གིས་ གནས་སྐབས་ཀྱི་ ཚོགས་རྒྱན་ས་ཁོངས་༢༡༥ རྩིས་ཏེ་ ཚོགས་རྒྱན་ས་ཁོངས་བསྡོམས་༨༥༠ ཡོད་མི་ཚུ་ནང་ གཞི་བཙུགས་འབད་མི་ ཚོགས་རྒྱན་འཕྲུལ་ཆས་བསྡོམས་༡,༩༣༥ ནང་ ཚོགས་རྒྱན་བཙུགས་ནི་ཨིན།
དེ་གི་དོན་ལུ་ བསྟན་སྲུང་དྲག་པོའི་དམག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལས་ སྲུང་སྐྱོབ་འགོ་དཔོན་དང་ལས་བྱེདཔ་ དེ་ལས་ བཙག་འཐུའི་འགོ་དཔོན་བསྡོམས་༡༠,༠༠༠ དེ་ཅིག་ གཞི་བཙུགས་འབད་ནུག།
ཐོ་བཀོད་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༧༩,༦༩༨ ཡོད་པའི་གྲས་ལས་༥༠,༨༥༣ ཆ་འཇོག་འབད་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་༡༣ ལས་ འགྲེམ་ཐོག་ཚོགས་རྒྱན་༢༡༥ དང་ ནིའུ་ཡོག་ལས་ འགྲེམ་ཐོག་ཚོགས་རྒྱན་༦༠ ཆ་གནས་འབད་ནུག།
ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ཚུ་གིས་ ཚོགས་རྒྱན་ས་ཁོངས་ཚུ་ནང་ གསང་བའི་ཚོགས་རྒྱན་བཙུགས་པར་འགྱོཝ་ད་ རང་སོའི་ ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་འབག་དགོཔ་མ་ཚད་ འདྲ་པར་ནང་ བཀོད་དེ་ཡོད་པའི་ ཚོགས་རྒྱན་ས་ཁོངས་ནང་ མ་འཛོལ་བར་ འགྱོ་དགོཔ་ཨིནམ་ད་ དེ་བསྒང་ ཆང་འཐུང་མ་ཆོག་པའི་ཁར་ མཚོན་ཆའི་རིགས་ཚུ་ཡང་ འབག་མ་ཆོགཔ་མ་ཚད་ ཚོགས་རྒྱན་ཁང་མིག་ནང་འཛུལཝ་ད་ འགྲུལ་འཕྲིན་དང་ པར་ཆས་ཚུ་ རྩ་ལས་ར་ འབག་མ་ཆོགཔ་ཨིན་མས།
སྤྱིར་བཏང་ལུ་བལྟཝ་ད་ འདས་པའི་ལོ་༥ འི་ཧེ་མར་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ སེམས་ཐག་བཅད་མ་ཚུགས་པར་ མགུ་འཐོམ་ལུས་དོ་བཟུམ་མེན་པར་ ད་རེས་ཀྱི་གནས་སྟངས་ནང་ འབྲུག་མི་ཚུ་མང་ཤོས་ར་ བག་ཕེབས་ཐོག་ སེམས་ཀྱི་ནང་ན་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ གདམ་ཁ་རྐྱབ་ཚར་ཏེ་ གྲ་སྒྲིག་ཡོདཔ་བཟུམ་ཅིག་འདུག།
དེ་ཡང་ གཙོ་བོ་ར་ ཧེ་མ་དང་ཕྱདཔ་ད་ སྲིད་དང་འབྲེལ་བའི་གནད་དོན་ཚུ་ ལེགས་ཤོམ་སྦེ་ ཧ་གོ་བའི་ཁར་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ སྲིད་ཚོགས་ངོ་མ་ག་ཨིན་ན་ ཤེས་རྟོགས་བྱུང་མི་ལུ་བརྟེན་ རང་གི་དབང་ཚད་ཐོག་ལུ་ཡོད་པའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ མི་གཞན་གྱི་ ཕྱོགས་ལྷུང་དང་ ངན་བསྐུལ་གྱི་དབང་ལུ་མ་ཐལ་བར་ རང་མོས་རྣམ་དག་ཐོག་ལས་ བཙུགས་ཤེས་ནི་དེ་གིས་ཨིན་མས།
ད་རིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ འབྲུག་མི་དྲག་ཞན་ཆེ་ཆུང་མེདཔ་ ཆ་མཉམ་གྱིས་ ལྷག་བསམ་རྣམ་དག་སྒོ་ལས་ དཀོན་མཆོག་དཔང་དུ་བཙུགས་ཏེ་ མི་སེར་གྱི་ འཕྲལ་གྱི་སྐྱིད་སྡུག་མཐོང་མི་དང་ རྒྱལ་ཁབ་ཀྱི་ ཕུགས་ཀྱི་བཙན་ཐབས་ལུ་ ཕན་གནད་ཆེ་བའི་ སྲིད་ཚོགས་ལེགས་ལྡན་༢ བཙག་འཐུ་འགྲུབ་གནང་བའི་ རེ་སྨོན་ཡོད་ཟེར་ ཞུ་ནི་ཨིན།

No comments:

Post a Comment