གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

ང་བཅས་རའི་ སྲིད་ཚོགས་ཚུ་གིས་ མིག་དཔེ་བཟང་པོ་སྟོན་དགོཔ།
༉ ད་རེས་ནངས་པ་ སྲིད་དོན་ཚོགས་པ་༤ གིས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ བསྐུལ་བསྒྲགས་འབད་བའི་བསྒང་ཡོདཔ་བཞིན་དུ་ སྲིད་ཚོགས་སོ་སོ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ འོས་འབབ་ཡོད་རུང་མེད་རུང་ འདྲ་མ་འདྲཝ་ལེ་ཤ་འབད་ནི་འདུག་ཟེར་ཞུ་ནི།


གཅིག་ལས་ལྟ་བ་ཅིན་ འདི་བཟུམ་མའི་ ཁས་བླངས་འབད་མི་ཚུ་ སྲིད་ཚོགས་ཀྱི་ ཐབས་བྱུས་ཨིན་རུང་ མཐར་ཐུག་ལུ་ འབྲུག་པའི་མི་སེར་ཚུ་ལུ་ མགུ་སྐོར་རྐྱབ་པའི་ ལག་ལེན་ཅིག་སྦེ་ མཐོངམ་མས་ཟེར་ཞུ་ནི།
སྲིད་ཚོགས་༤ གི་ གཙོ་འཛིན་ཚུ་གི་ རྩོད་བསྡུར་དང་ ངོ་ཚབ་ཚུ་གི་ སྤྱིར་བཏང་གྲོས་འཛོམས་ཚུ་ རྒྱང་མཐོང་ཊི་བི་ནང་ ལྟ་བའི་སྐབས་ སྲིད་ཚོགས་ཀྱི་ ལྟ་བ་དང་ ཁས་བླངས་ཚུ་ ཡིད་ཆེས་ཏོག་ཏོ་དང་ ངལ་རངས་ཏོག་ཏོ་སྦེ་ཡོདཔ་ཨིན་རུང་ ལག་ལེན་འཐབ་ནི་གི་ འོས་འབབ་མེད་པའི་ ཁས་བླངས་འབད་མི་ཚུ་ལུ་ལྟ་སྟེ་ ཧ་ལས་དགོཔ་བྱུངམ་མ་ཚད་ ཚ་གྱང་ཡང་ ལངམ་མས་ཟེར་ཞུ་ནི།
དེ་གིས་མ་དོ་བར་ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ ཀུན་གསལ་ནང་ སྲིད་དོན་ཚོགས་པ་༢ ་ཀྱིས་ ཚོགས་རྒྱན་བཙུགས་མི་ཚུ་ ལྷུ་ཐབས་ལུ་ བཀྲིས་སྒང་རྫོང་ཁག་གིས་གཙོས་པའི་ རྫོང་ཁག་གཞན་ཚུ་ནང་ དངུལ་རྐྱང་དང་ བཞེས་སྒོ་ཚུ་ བྱིན་ཡོད་པའི་ ཁ་ཉེས་བཀལ་མི་ལུ་བརྟེན་ ང་བཅས་ལུ་ ལྷག་པར་དུ་ རྣམ་རྟོག་ལང་དགོཔ་བྱུང་ཡི་ཟེར་ཞུ་ནི།
ང་བཅས་རའི་ སྲིད་ཚོགས་ཚུ་ ངན་ལྷད་ནང་ ཞུགས་པ་ཅིན་ མ་འོངས་རྒྱལ་ཁབ་འདི་ ག་ཏེ་ལས་ཕར་ བསྐྱལ་འོང་ག་ ཚ་གྱང་ལངམ་མས་ཟེར་ཞུ་ནི།
སྲིད་ཚོགས་ཚུ་ལུ་ ཏི་རུ་དང་ བཞེས་སྒོ་ཚུ་ རྫོང་ཁག་གཞན་ཚུ་ནང་ མ་ཚད་པར་ ཐ་ན་ ཧཱ་རྫོང་ཁག་ནང་ཡང་ བྱིན་དོ་ཡོད་པའི་ ལོ་རྒྱུས་གོཝ་ད་ བློ་ཕམ་བྱུངམ་མ་ཚད་ རྒྱལ་ཁབ་གཞན་གྱི་གདོང་ཁར་ ངོ་ཚ་ནི་གི་ གཞི་གནད་ཅིག་ཡང་ཨིན་མས་ཟེར་ཞུ་ནི།
འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་མ་འབད་བའི་ཧེ་མར་ རྒྱལ་བརྒྱུད་རིང་ལུགས་ཀྱི་ དབུ་ཁྲིད་བཟང་པོའི་འོག་ལུ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་སྲོ་སྟེ་ མི་སེར་ཚུ་ སྐྱིད་ཉམས་སྐྱོང་སྟེ་ སྡོད་པའི་བར་ན་ སྲིད་ཚོགས་ཚུ་གིས་ ཕར་དཀྲོག་ཚུར་དཀྲོག་འབད་ནི་གི་ དཔའ་བཅམ་མི་དང་ ངན་ལྷད་ཀྱི་ ལཱ་བྱ་འཐབ་མི་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལས་ འགལ་བ་ཅིག་ཨིན་མས་ཟེར་ཞུ་ནི།
ང་བཅས་རའི་ རྒྱལ་ཁབ་ཀྱི་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་སྦེ་བཙུགས་པའི་ ནམ་དུས་ལུ་ སྲིད་དོན་ཚོགས་པ་ཚུ་ ངན་ལྷད་ནང་ འབྲེལ་ཞུགས་མ་འབད་བར་ དཔེ་བཟང་པོ་གསལ་སྟོན་འབད་དགོཔ་དེ་གལ་ཆེ། དེ་ཡང་ ངན་ལྷད་ནང་ ཞུགས་པ་ཅིན་ འབྲུག་རྒྱལ་ཁབ་འདི་ཡང་ ཁྱིམ་མཚེས་རྒྱལ་ཁབ་བཟུམ་སྦེ་ འགྱུར་ཉེན་ཡོད་ཟེར་ཞུ་ནི།
འདི་དང་གཅིག་ཁར་ ཚོགས་རྒྱན་སྐྱུར་མི་ འབྲུག་མི་ཚུ་གིས་ཡང་ བཙག་འཐུའི་ནང་ འགན་ཁུར་ཚུལ་ལྡན་འབག་སྟེ་ ཚོགས་རྒྱན་བཙུགས་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་པའི་ སྲིད་ཚོགས་དེ་ གདམ་ཁ་རྐྱབ་དགོ་ཟེར་ ཞུ་ནི་ཨིན།

ཁྱུང་བདུད་ཚེ་རིང་། ཧཱ་ཁྲོམ།

No comments:

Post a Comment