གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཙོ་འཛིན་གྱིས་ འདས་པའི་གཞུང་གི་གྲུབ་འབྲས་ཚུ་ གསལ་བཤད་འབད་ཡོདཔ།

༢༢/༥/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ སྲིད་དོན་ཚོགས་པ་༤ གིས་ བཅའ་མར་གཏོགས་ཏེ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མི་སེར་ཚུ་ལུ་ འོས་ལྡན་གྱི་ སྲིད་ཚོགས་གདམ་ཁ་རྐྱབ་ད་ ན་འཐན་དྲནམ་བཏོན་དགོ་པའི་ དྲན་གསལ་འབད་ནུག།

འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ འོས་ལྡན་གྱི་ སྲིད་ཚོགས་ལུ་ ཚོགས་རྒྱན་སྐྱུར་དགོཔ་སྦེ་གསལ་བཤད་འབད་བའི་བསྒང་།

ཁྱེད་ཆ་ཁྱབ་ཀྱིས་ སེམས་ཁར་བཞག་དགོཔ་འདི་ སྲིད་དོན་ཚོགས་པ་ཆ་མཉམ་གྱིས་ར་ ཧེ་མའི་གཞུང་སྐྱོང་ཚོགས་པའི་ སྡོད་ཁྲི་ལེན་ནི་གི་ དམིགས་གཏད་བསྐྱེད་དོ་ཡོདཔ་ལས་ སྲིད་ཚོགས་རྙིངམ་ལུ་ སྐྱོན་བརྗོད་དང་ ངན་ལྷད་ཀྱི་ ཁ་ཉེས་འདྲ་མ་འདྲཝ་ལེ་ཤ་བཀལ་ནི་དང་ སྲིད་ཚོགས་དེ་ ལེགས་ཤོམ་མེད་ཟེར་ སླབ་ས་གོ་འོང་ཟེར་ གསལ་བཤད་འབད་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ བསམ་རྩེ་ཕུན་ཚོགས་དཔལ་རི་ (དཔག་ལི) ལུ་ མི་སེར་༣༠༠ དེ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ ལྷོ་མཚམས་པའི་ ཁ་སྐད་ནང་ གསལ་བཤད་འབད་ནུག།
དེ་འབདཝ་ད་ འདི་བཟུམ་མའི་ ལོ་རྒྱུས་སླབ་མི་ལུ་ རྣམ་ཅོག་གཡས་པ་ལས་ཉན་ གཡོན་པ་ལས་ བཏོན་གཏང་དགོ་ཟེར་ གཙོ་འཛིན་གྱིས་ དྲན་གསལ་འབད་ཡོདཔ་ད་ འདི་འབདཝ་ལས་ ཚོགས་པ་གདམ་ཁ་རྐྱབ་ནི་དེ་ འཛོལ་ནི་མི་འོང་ཟེར་ སླབ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛོམས་འདུ་ནང་ མི་ལེ་ཤ་འོང་མི་ལུ་ལྟཝ་ད་ མི་སེར་ཚུ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ བློ་གཏད་དང་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་ཨིན་ཟེར་ཨིན་པས།
བློན་ཆེན་བགྲེསཔ་གིས་ ཧེ་མའི་ གཞུང་གིས་ འདས་པའི་ལོ་ལྔ་གི་ གྲུབ་འབྲས་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ མ་གཞི་ རྒེད་འོག་ལ་ལུ་ཅིག་ནང་ འཁོར་ལམ་གྱིས་ ཁེ་ཕན་བྱུང་མ་ཚུགས་པར་ཡོད་མི་དེ་ཡང་ འཆར་དངུལ་ཚད་ཅིག་ལས་མེད་ནི་དེ་གིས་ ཁས་བླངས་ག་ར་གྲུབ་མ་ཚུགས་པར་ ལཱ་ཁག་འདུག་ཟེར་སླབ་ནུག།
དེ་ལས་ གཙོ་འཛིན་གྱིས་ དེ་ཁར་འཛོམས་མི་ཚུ་ལུ་ རྒེད་འོག་ལྟེ་བ་ཚུ་ནང་ འཁོར་ལམ་མ་ལྷོད་པའི་ གནད་དོན་རེ་ཡོད་ག་ཟེར་ དྲི་བའི་སྐབས་ མི་ཚུ་ ཁུ་སིམ་སི་སྦེ་ སྡོད་ཡོདཔ་ད་ ཟླཝ་༡ དེ་ཅིག་གི་ཧེ་མར་ རྩོད་དོན་ཐོན་མི་ སྣུམ་འཁོར་པ་ར་ཌོ་སྐོར་ལས་ དོགས་སེལ་འབད་མིའི་ནང་ གསོལ་རས་གནང་ནི་གི་ ལམ་ལུགས་དེ་ འབྲུག་རྒྱལ་གསུམ་པའི་སྐབས་ལས་ར་ཡོད་ཟེར་ཨིནམ་ད་ དང་ཕུ་འབད་བ་ཅིན་ ཁབ་ཕུད་རྡོག་གཅིག་ གསོལ་རས་སྦེ་ཐོབ་རུང་ མཆོད་བཤམ་ནང་ བཞག་ནི་ཡོད་ཟེར་ཨིན་པས།
རྒྱ་གར་གྱི་ཏི་རུ་ རུ་པིའི་ཐད་ལུ་ གཙོ་འཛིན་གྱིས་ བཤད་མིའི་ནང་ རུ་པིའི་དཀའ་ངལ་དེ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་ལུ་བརྟེན་ ཐོན་ཐོནམ་མེན་ཟེར་ཨིནམ་ད་ ཁྱེད་རའི་ཨ་ལུ་ཚུ་ རྒྱལ་ཁབ་ཀྱི་ཕྱི་ཁར་ སློབ་སྦྱོང་འབད་བར་བཏངམ་ད་ ཕྱིའི་རྒྱལ་ཁབ་དེ་གི་ ཏི་རུ་དགོཔ་མ་ཚད་ ཁྱེད་ཆ་ཁྱབ་ཀྱིས་ སྒྲིང་ཁྱིམ་རྐྱབ་ད་ རྒྱུ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ཡང་ ཕྱིའི་ཏི་རུ་དགོཔ་ཨིན་རུང་ མཐའན་མཇུག་ལུ་ ཐ་ན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁང་གླར་སྡོད་མི་ མ་ཐོབ་མི་ལུ་ཡང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཁ་བཏང་ཡི་ཟེར་ཨིན་པས།
ད་རུང་ གཙོ་འཛིན་གྱིས་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ དཔེར་ན་ རྒེད་འོག་ཚུ་ནང་ ཞིང་རྨོ་འཕྲུལ་བཀྲམ་སྤེལ་དང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ཐབས་ལུ་ བློན་པོ་འོག་མའི་ གོ་གནས་ཅིག་ བཟོ་ནི་གི་སྐོར་ལས་ གསལ་བཤད་འབད་ནུག།
འཛོམས་འདུ་ནང་འོང་མི་ ལེ་ཤ་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ འབྲུག་ཕུན་སུམ་ཚོགས་པ་དེ་ གཞུང་སྐྱོང་སྦེ་ གདམ་འཐུ་འབད་ནི་གི་ མནོ་བསམ་ཡོདཔ་བཞིན་དུ་ ཚོགས་པ་དེ་གིས་ འདས་པའི་ལོ་ལྔ་ནང་ ག་དེ་སྦེ་ར་ ཕྱག་ཞུ་ཡོད་རུང་ དེ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་མངམ་འོང་ཡོདཔ་ད་ ང་བཅས་ཀྱིས་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ འཛོམས་འདུ་ནང་ ཤོག་ཟེར་སླབ་བཞིན་དུ་ ད་རེས་ མི་མང་ཧད་རྫོགསཔ་ཅིག་ འོང་མི་ལུ་ལྟ་སྟེ་ ཧ་ལས་ཅི་ཟེར་ རྒྱབ་སྐྱོར་པ་ཅིག་གིས་ བཤདཔ་ཨིན་པས།
ཨམ་སྲུ་སྡེ་ཚན་ཅིག་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ གཙོ་འཛིན་གྱིས་ དུས་རྒྱུན་དུ་ སེམས་ཤུགས་བསྐྱེད་གནང་མི་ལུ་བརྟེན་ འཛོམས་འདུ་ནང་ འོང་ཡི་ཟེར་ཨིན་པས།
གྲོང་གཡུས་མི་སེར་ཅིག་གིས་ གཙོ་འཛིན་ལུ་ ཁོ་གི་ གཡུས་ཚན་ནང་ འཁོར་ལམ་མ་ལྷོད་པའི་སྐོར་ ཞུ་བའི་ལན་ལུ་ འཇིགས་མེད་འཕྲིན་ལས་ཀྱིས་འབད་བ་ཅིན་ ཁོ་གི་ སྲིད་ཚོགས་ཀྱིས་ སྤྱི་ལོ་༢༠༠༨ ལུ་ རྒེད་འོག་ལྟེ་བ་ཚུན་ཚོད་ འཁོར་ལམ་གཏོན་ནི་སྦེ་ ཁས་བླངས་འབད་ཡོད་རུང་ གཡུས་ཚན་ཆ་མཉམ་ནང་ ལམ་སེལ་ནི་གི་ ཁས་བླངས་མ་འབད་ཟེར་ཨིན་པས།
ཨིན་རུང་ ད་རིས་ ཚོགས་པ་དེ་ ལོག་སྟེ་ར་ བཙག་འཐུ་འགྲུབ་པ་ཅིན་ གཡུས་སྒོ་ཆ་མཉམ་ནང་ ལམ་གཏོན་ནི་དང་ རྒེད་འོག་ལྟེ་བ་ཚུ་ནང་ རྩི་ནག་གཏང་གི་ ཁས་ལེན་འབདཝ་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

No comments:

Post a Comment