གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐྱེན་ངན་འཛིན་སྐྱོང་གི་སྦྱོང་བརྡར།

༢༢/༥/༢༠༡༣   ༉ སཱག་ལུང་ཕྱོགས་རྒྱལ་ཁབ་དང་ ཨེ་མི་རི་ཀའི་གཞུང་གཉིས་ཀྱིས་ རྐྱེན་ངན་འཛིན་སྐྱོང་ཀྱི་ ལམ་ལུགས་ཚུ་ ཡར་དྲག་བཟོ་ཐབས་ལུ་ སཱག་རྒྱལ་ཁབ་ཀྱི་ འཐུས་མི་ངོ་ཚབ་ཚུ་གི་བར་ན་ ལུང་ཕྱོགས་སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
སཱག་རྒྱལ་ཁབ་ཀྱི་ འཐུས་མི་ངོ་ཚབ་ཚུ་གིས་ རྐྱེན་ངན་འཛིན་སྐྱོང་གི་ སྦྱོང་བརྡར་འབད་བའི་བསྒང་།


དེ་ཡང་ ནང་སྲིད་ལྷན་ཁག་འོག་གི་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ལས་ཁུངས་ཀྱིས་ སཱག་ལུང་ཕྱོགས་ཀྱི་ རྐྱེན་ངན་འཛིན་སྐྱོང་ལྟེ་བ་དང་མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྦྱོང་བརྡར་དེ་གིས་ རྐྱེན་ངན་བྱུང་བའི་སྐབས་ཀྱི་ ལམ་ལུགས་དང་ ལས་ཁུངས་ཁག་གིས་ མཉམ་འབྲེལ་ག་དེ་སྦེ་ འབད་དགོཔ་ཨིན་ནའི་སྐོར་ལས་ གཙོ་བོར་བཏོན་ནི་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ཚུ་ནང་ རྐྱེན་ངན་ཚུ་ བྱུང་བའི་སྐབས་ལུ་ ས་མཚམས་བདའ་སྟེ་ མཉམ་འབྲེལ་འབད་དགོཔ་ཚུ་གི་ སྦྱོར་བརྡར་འབད་ནི་ཨིན་པས།
ཨའི་སི་ཨེས་ཟེར་མི་ ལམ་ལུགས་དེ་ ཨེ་མི་རི་ཀ་གིས་ ལོ་ངོ་༡༥ དེ་ཅིག་གི་ཧེ་མར་ ཨེ་མི་རི་ཀ་ལུ་ ནགས་ཚལ་མེ་རྐྱེན་ཤོར་བའི་སྐབས་ གདོང་ལེན་འབད་ནིའི་དོན་ལུ་ ཐབས་ཤེས་བཟུམ་ཅིག་སྦེ་ བཏོན་ཡོད་རུང་ ཐབས་ཤེས་དེ་ ད་རེས་ནངས་པ་ རང་བཞིན་དང་མི་གིས་འབད་ཡོད་པའི་ རྐྱེན་ངན་ཚུ་གི་དོན་ལུ་ ལག་ལེན་འཐབ་སྟེ་ ཡོདཔ་ཨིན་པས།
དེ་གིས་སྦེ་ ལམ་ལུགས་དེ་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་ནང་ རྐྱེན་ངན་འཛིན་སྐྱོང་གི་དོན་ལུ་ ཚད་ལྡན་གྱི་ལམ་ལུགས་ཅིག་སྦེ་ གྱུར་ཡོདཔ་ད་ རྒྱ་གར་དང་ ཤྲི་ལངྐ་ལུ་ ལམ་ལུགས་དེ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ད་ འབྲུག་རྒྱལ་ཁབ་ནང་ཡང་ ལམ་ལུགས་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ཐབས་ཤེས་ཚུ་ སྒྲིག་པའི་བསྒང་ཡོདཔ་ཨིན་པས།
སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ཡང་ ལམ་ལུགས་དེ་ གཞི་བཙུགས་འབད་ནིའི་དོན་ལུ་ ལྟེ་བ་དེ་གིས་ ལམ་སྟོན་ཅིག་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
ཡུ་ཨེས་ཨེ་གི་ ལའུ་ར་ ཅེམ་མཱེཌ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་ཚུ་ བྱུང་བའི་སྐབས་ མཐུན་རྐྱེན་དཀོན་སུ་ཅིག་ཨིནམ་ལས་ ཨའི་སི་ཨེས་ཀྱི་ ལམ་ལུགས་དེ་གིས་ ལྷན་ཐབས་སྦོམ་འབད་ཚུགས་ཟེར་ཨིན་པས།
དེ་ཡང་ ལམ་ལུགས་དེ་ནང་ རེ་ཌི་བོ་གི་ མཐུན་རྐྱེན་ཚུ་ཡང་ཡོདཔ་ལས་ རྐྱེན་ངན་ཚུ་བྱུང་པའི་སྐབས་ མཐུན་རྐྱེན་དེ་ཚུའི་ཐོག་ལས་ དེ་འཕྲོ་ལས་ ལཱ་འབད་མི་ཚུ་ལུ་ བརྡ་ལན་འབད་ཚུགས་ཟེར་ཨིན་པས།
ཨིན་རུང་ མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཞབས་ཏོག་ཚུ་ཡོད་དེ་འབད་རུང་ འཕྲལ་འཕྲལ་སྦེ་ར་ ཁྲིམས་འབྲེལ་གྱི་ བྱ་སྟབས་མ་བདེ་བའི་ཁར་ ལས་བྱེདཔ་ཚུ་ལུ་ དུས་མཐུན་གྱི་ སྦྱོར་བརྡར་བྱིན་དགོཔ་ ཁག་ཆེ་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ རྐྱེན་ངན་འཛིན་སྐྱོང་གི་ འཛིན་སྐྱོང་འགོ་དཔོན་ཚུ་ཨིན་རུང་ རྒྱལ་ཁབ་དག་པ་ཅིག་ལས་ འཐུས་མི་ངོ་ཚབ་ཚུ་ མ་ལྷོདཔ་ཨིན་པས།
སྦྱོང་བརྡར་གྱི་ ཉིནམ་མཇུག་ལུ་ བཅའ་མར་གཏོགས་མི་ཚུ་གིས་ རང་སོའི་རྒྱལ་ཁབ་ནང་ཡོད་པའི་ རྐྱེན་ངན་འཛིན་སྐྱོང་གི་ ལམ་ལུགས་ཚུ་གི་སྐོར་ལས་ གསལ་བཤད་འབད་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment