གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་གཙོ་འཛིན་མ་ལྷོད་མི་ལུ་བརྟེན་ རྒྱབ་སྐྱོར་པ་ཚུ་གི་སེམས་ འགྱུར་འགྱོ་བའི་ཚ་གྱང་།

༢༢/༥/༢༠༡༣   ༉ ད་རེས་ནངས་པ་ སྲིད་ཚོགས་༢ ཀྱི་གཙོ་འཛིན་ཚུ་ བསམ་རྩེ་རྫོང་ཁག་ནང་ ལྷོད་ཡོདཔ་ད་ སྲིད་ཚོགས་གཞན་ཅིག་གི་ གཙོ་འཛིན་དེ་ ད་རིས་ལྷོད་ནི་ཨིན་རུང་ བསམ་རྩེའི་མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་དེ་ མི་འོང་ནི་ཨིན་ན་ཟེར་བའི་ ལོ་རྒྱུས་ཚུ་ སླབ་དོ་ཡོདཔ་ཨིན་པས།


ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་ རྫོང་ཁག་དང་ རྒེད་འོག་འགོ་འདྲེན་པ་ཚུ་གིས་ ད་ལྟོའི་བཙག་འཐུ་སྐབས་ སྲིད་ཚོགས་ཀྱི་གཙོ་འཛིན་དེ་ བསམ་རྩེ་རྫོང་ཁག་ནང་ མི་ལྷོད་ནི་ཨིནམ་ གཏན་འཁེལ་སླབ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ སྲིད་ཚོགས་ཀྱི་གཙོ་འཛིན་ གཞན་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་ རྫོང་ཁག་དེ་ནང་ གནད་དོན་ག་ཅི་ལུ་བརྟེན་ མི་འོང་ནི་ཨིན་ན་ཟེར་བའི་ དྲི་བ་ཚུ་ བཀོད་དོ་ཡོད་མི་དང་འཁྲིལ་ རྫོང་ཁག་དང་ རྒེད་འོག་འགོ་འདྲེན་པ་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
བསམ་རྩེ་ལས་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ད་རེས་ རྫོང་ཁག་ནང་ མཉམ་རུབ་ཚོགས་པའི་གཙོ་འཛིན་ མ་འོང་མི་ལུ་བརྟེན་ རྒྱབ་སྐྱོར་པ་ཚུ་ མ་དགའཝ་ཐལ་ནིའི་ ཉེན་ཁ་ཡོདཔ་ད་ གཞན་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ འདེམས་ངོ་ཚུ་མེན་པར་ གཙོ་འཛིན་ཚུ་ ངོ་མ་སྦེ་ར་ ས་ཁོངས་ནང་འོང་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ མཉམ་རུབ་ཚོགས་པའི་གཙོ་འཛིན་ རྫོང་ཁག་ནང་ མ་ལྷོད་མི་དེ་ཡང་ བསམ་རྩེ་དང་ཕྱདཔ་ད་ མོ་རའི་འདེམས་ཁོངས་དེ་ ཁག་ཆེཝ་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།
རྫོང་ཁག་ཚུ་དང་ཕྱདཔ་ད་ བསམ་རྩེ་ལུ་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ མཐོ་ཤོས་ཡོད་མི་ལུ་བརྟེན་ མི་མང་ཤོས་ཅིག་གིས་ར་ བསམ་རྩེ་དེ་ ཚོགས་རྒྱན་གྱི་མཛོད་ཨིན་ཟེར་ སླབ་མི་དང་འཁྲིལ་ གཙོ་འཛིན་གྱིས་ མོ་ར་ ངོ་མ་སྦེ་ར་ ལྷོད་ཚུགས་པ་ཅིན་ ཁྱད་པར་སྦོམ་ བཟོ་ཚུགས་ནི་མས་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ རྩི་རང་རྫོང་ཁག་ནང་ མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་པ་༡༡ ཡོད་པ་ཅིན་ དེ་ཚུ་གིས་ གཙོ་འཛིན་གཞན་ཚུ་གི་ གསལ་བཤད་ལུ་ ཉན་པའི་ཤུལ་ལས་ སེམས་འགྱུར་འགྱོ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
བསམ་རྩེ་ལུ་སྡོད་མི་ མང་ཤོས་ཅིག་གིས་ ཚོར་སྣང་ཚུ་བཤད་མིའི་ནང་ གཞན་མི་སྲིད་ཚོགས་༣ གྱི་ གཙོ་འཛིན་ཚུ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ འགོ་མ་བཙུགས་པའི་ཧེ་མ་ལས་ར་ ཡོངས་གྲགས་ཅན་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་འཐོབ་དགོ་པ་ཅིན་ རྫོང་ཁག་ནང་ འོང་དགོཔ་ཁག་ཆེ་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་གི་ སྲིད་ཚོགས་འགོ་འདྲེན་པ་ པུར་ན་ བྷ་དུར་ པ་ར་དཱན་གྱིས་འབད་བ་ཅིན་ མི་སེར་ཚུ་གིས་ ཁོ་འབད་སར་འོང་སྟེ་ གཙོ་འཛིན་དང་ ཁོང་གི་བར་ན་ འབྲེལ་བ་འཐབ་ཐོག་ལས་ ཉམས་མྱོང་འཐོབ་དགོཔ་ཁག་ཆེ་བས་ཟེར་ སླབ་ཡོདཔ་ཨིན་རུང་ དུས་ཚོད་གངམ་མེད་མི་ལུ་བརྟེན་ འོང་མ་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ མ་གཞི་ཁོང་གིས་ གཙོ་འཛིན་ལུ་ རྫོང་ཁག་ནང་ འོང་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ གཙོ་འཛིན་གཞན་ཚུ་བཟུམ་སྦེ་མེན་པར་ མོ་རའི་འདེམས་ཁོངས་དེ་ ལམ་འགྱོ་དགོ་པའི་ས་གནས་ནང་ འབད་ནི་དེ་གིས་ དུས་ཚོད་མ་ཐོབ་ཟེར་ཨིན་པས།
པུར་ན་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ འདེམས་ངོ་ཚུ་གིས་ རྩ་འགེངས་ཏེ་ ལཱ་འབད་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གི་སེམས་ འགྱུར་འགྱོ་ནིའི་ ཉེན་ཁ་ཡོདཔ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ག་ར་གིས་ ཚོར་ཡི་ཟེར་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ མོ་ར་ ཚོགས་པའི་གཙོ་འཛིན་འབད་ནི་དེ་གིས་ བསམ་རྩེ་ལུ་ འོང་དགོཔ་དེ་ ཁག་ཆེཝ་ཨིན་རུང་ མོ་ར་ རྐང་པ་ར་གི་ འདེམས་ངོ་འབད་ནི་དེ་གིས་ མོ་རའི་འདེམས་ཁོངས་ནང་ འགྱོ་དགོཔ་ཁག་ཆེ་བའི་སྐོར་ལས་ཡང་ ཁོང་གིས་ ཧ་གོ་ཡི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ རྡོ་རོ་ཁ་-རྟ་སྡིང་འདེམས་ཁོངས་ཀྱི་ འདེམས་ངོ་ ལོག་ནཱཐི་ ཤར་མ་གིས་འབད་བ་ཅིན་ རྫོང་ཁག་ཚུ་ནང་ གཙོ་འཛིན་ཚུ་གིས་ ལྟ་སྐོར་འབད་ནི་དེ་ འགྲན་བསྡུར་བཟུམ་ཅིག་སྦེ་ ཐལ་ཡོདཔ་ཨིན་རུང་ སྲིད་ཚོགས་ཀྱི་ དམིགས་དོན་གཙོ་བོ་ར་ འགོ་ཐོག་བཙག་འཐུའི་ནང་ མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཀྱི་ལྟ་བ་ཚུ་ ཧ་གོཝ་བཟོ་ནི་དེ་ ཨིན་ཟེར་ཨིན་པས།
གཙོ་འཛིན་རྡོ་རྗེ་ཆོས་སྒྲོན་གྱིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་ནང་ གལ་སྲིད་ སྐོར་ཐེངས་དང་པའི་ནང་ བཙག་འཐུ་འགྲུབ་པ་ཅིན་ བཙག་འཐུ་ངོ་མའི་དོན་ལུ་ དང་པ་ར་ བསམ་རྩེ་རྫོང་ཁག་ནང་ འགྱོ་ནི་ཨིན་ཟེར་ སླབ་ཨིན་པས།
ཁ་ཙ་ མོང་སྒར་ལུ་སྡོད་མི་ རྡོ་རྗེ་ཆོས་སྒྲིན་གྱིས་ མོ་རའི་འདེམས་ཁོངས་དེ་ ཤར་ཕྱོགས་ཀྱི་ མཐའ་ཟུར་ས་གནས་ཅིག་ནང་ འབད་ནི་དེ་གིས་ ལྷོ་མཚམས་རྫོང་ཁག་ཚུ་ནང་ འགྱོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་དེ་ ད་རིས་ སྒོམ་ཀྲུ་ལུ་ལྷོད་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment